དབྱི་སི་རལ་དམག་ཕྱོགས་ཀྱིས་ཟླ་དང་པོའི་ཚེས་གཅིག་ཉིན་འཐབ་འཁྲུག་གནས་ཚུལ་གྱི་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་མཐོ་རིམ་བཀོད་འདོམས་དཔོན་པོ་ཞིག་བསད་ཟེར།
བརྡ་ཁྱབ་ལས་བཤད་རྒྱུར། 2023ལོའི་ཟླ12པའི་ཚེས31ཉིན། མེ་ཤུགས་ཀྱི་མཐུན་སྦྱོར་དང་གསང་འཕྲིན་གྱི་རྒྱབ་སྐྱོར་འོག་ཏུ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད་དུ་ཧཱ་མ་སིའི་བཀོད་འདོམས་དཔོན་པོ་ཨ་ཏི་ཨར་མཱ་སི་མཱ་བསད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་མཱ་སི་མཱ་ཟླ10པའི་ཚེས7ཉིན་གྱི་དབྱི་སི་རལ་ལ་གློ་བུར་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཞུགས་ཏེ་བཀོད་འདོམས་བྱས་ཟེར།
དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅ་ལི་ཡིས་ཟླ12པའི་ཚེས31ཉིན་བཤད་རྒྱུར། སྔོན་དཔག་བྱས་ན་དབྱི་སི་རལ་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ད་རུང་ལོ་གཅིག་ལ་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དམག་ཕྱོགས་ཀྱིས་ཡུན་རིང་ལ་འཐབ་རྩོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
ཟླ12པའི་ཚེས31ཉིན་གྱི་དགོང་མོར། དབྱི་སི་རལ་དབུས་ཕྱོགས་ཀྱི་གྲོང་ཁྱེར་མང་པོར་ཅཱ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་ཉི་ཤུ་ལྷག་གི་འཇབ་རྒོལ་ཐེབས། ཧཱ་མ་སིའི་མངག་འོག་གི་དྲག་ཆས་རྩ་འཛུགས་ཁ་སང་སྟོང་ཤོག་གིས་མེ་ཤུགས་འཕུར་མདའ་འཕངས་པའི་བརྙན་རིས་ཁྱབ་བསྒྲགས་བྱས།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ12པའི་ཚེས31ཉིན་ཁྱབ་བསྒྲགས་བྱས་དོན། འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར། མིག་སྔའི་བར་དུ། ཅཱ་ཧྲ་ས་ཁུལ་དུ་བསྡོམས་པས་མི་ཁྲི་གཉིས་དང་སྟོང་གཅིག་ལྷག་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྔ་དང་སྟོང་དྲུག་ལ་རྨས་ཕོག དབྱི་སི་རལ་ཕྱོགས་ཀྱིས་བསྟན་དོན། སྐོར་འདིའི་འཁྲུག་རྩོད་ལས་དབྱི་རི་རལ་གྱི་མི་སྟོང་གཅིག་དང་སུམ་བརྒྱ་རྐྱེན་ལམ་དུ་ཤོར་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།