དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ལ་རྒོལ་རྡུང་བཏང་བར་མ་ཟད་སི་རི་ཡའི་དམིགས་འབེན་ལ་འཇབ་རྒོལ་བྱས།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   དབྱི་སི་རལ་གྱི་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་གིས་ཉེ་ལམ་ཅཱ་ཧྲ་ས་ཁུལ་དུ་མུ་མཐུད་དུ་མཉམ་འབྲེལ་དམག་འཐབ་སྤེལ་ཏེ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཅུ་ལྷག་བསད་ལ།    དམག་བཀོལ་རྨང་གཞིའི་སྒྲིག་ཆས་སྐོར་ཞིག་གཏོར་བཤིག་བཏང་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱི་གསལ་བསྒྲགས་ལྟར་ན།  དབྱི་སི་རལ་དམག་ཕྱོགས་ཀྱིས་འདས་པའི་ཉིན་འགའི་རིང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་ཅཱ་ཧྲའི་སྟོང་ཤོག་གི་བཀོད་འདོམས་དཔོན་པོ་འདུག་སའི་རྨང་གཞིའི་སྒྲིག་ཆས་ལ་ཚོད་འཛིན་བྱས་པ་དང་དྲག་ཆས་མི་སྣ་བཅུ་ལྷག་བསད།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་ད་རུང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  དབྱི་སི་རལ་ཕྱོགས་ཀྱིས་མཚན་བརྒྱབ་ནས་སི་རི་ཡའི་དམག་དཔུང་གི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་།   དེ་ནི་སི་རི་ཡ་ཕྱོགས་ཀྱིས་ཚེས་གཅིག་ཉིན་དབྱི་སི་རལ་ཕྱོགས་ལ་འཕུར་མདའ་འཕངས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།  དེ་མིན།    དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣའི་ལེ་པ་ནུན་ལྷོ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཟེར།

ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   དབྱི་སི་རལ་དམག་ཕྱོགས་ཀྱིས་སྤེལ་བའི་འདས་པའི་དུས་ཚོད་ཉེར་བཞིའི་རིང་གི་ཅཱ་ཧྲ་ས་ཁུལ་གྱི་འཇབ་རྒོལ་ལས་ཉུང་མཐར་ཡང་མི་ཉིས་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་བརྒྱ་སོ་བརྒྱད་ལ་རྨས་ཕོག་ཟེར།  གསལ་བསྒྲགས་ལས2023ལོའི་ཟླ10པའི་ཚེས7ཉིན་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ།   དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་གཉིས་བརྒྱ་དང་གྱ་ལྔ་རྐྱེན་ལམ་དུ་ཤོར་བ་དང་།  མི་ཁྲི་ལྔ་དང་སྟོང་བདུན་ལྷག་ལ་རྨས་ཕོག་ཅེས་བསྟན།

གཞན་ཡང་སི་རི་ཡའི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཀེ་ལི་ཀུའུ་ལིས་ཡེ་རུ་ཕ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།

སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ས་དེའི་དུས་ཚོད་བཞི་དང་སྐར་མ་སོ་ལྔ་ཡས་མས་སུ།  དབྱི་སི་རལ་གྱིས་རང་གིས་བདག་བཟུང་བ་ཀི་ལན་མཐོ་སྒང་ཕྱོགས་ནས་ཏཱ་མ་ཧྲི་ཀི་ཉེ་འཁོར་དུ་བར་སྣང་འཇབ་རྒོལ་བྱས་ཏེ་སྒྲིག་ཆས་ཁ་ཤས་ལ་གཏོར་བརླག་ཐེབས་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།