ཨ་མེ་རི་ཁའི་ལོ་ཧྲིན་ཅི་ནས་ལོ་སར་མཚན་མོའི་འདུ་ཚོགས་སྐབས་སུ་མེ་མདའི་དོན་རྐྱེན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་རྨས།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ས་དེའི་དུས་ཚོད་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ནམ་གུང་། ཨ་མེ་རི་ཁའི་ལོ་ཧྲིན་ཅི་རུ་ལོ་སར་མཚན་མོའི་འདུ་ཚོགས་སྐབས་སུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་རྨས།

ལོ་ཧྲིན་ཅིའི་ཉེན་རྟོག་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ནམ་གུང་གི་དུས་ཚོད་གཅིག་ཡས་མས་སུ་བྱུང་བ་དང་། སྐབས་དེར་མི་ཁ་ཤས་ཀྱིས་ལྟེ་གནས་གྲོང་ཁྱེར་གྱི་མཛོད་ཁང་ཞིག་གི་ནང་དུ་འདུ་ཚོགས་བྱེད་སྐབས་ཕན་ཚུན་བར་ཁ་རྩོད་བྱས་པ་ལས་དོན་རྐྱེན་དེ་བྱུང་བ་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སར་གནོད་འཚེ་ཐེབས་མཁན་མང་པོ་སར་འགྱེལ་ཡོད་པ་མཐོང་བ་དང་། དེའི་ནང་གི་མི་གཉིས་རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་མེ་མདའ་རྒྱག་མཁན་གྱི་གནས་ཚུལ་ཅི་ཡང་མེད།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།