ཝུའུ་ཁི་ལན་གྱི་ས་ཁུལ་མང་པོར་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཝུའུ་ཁི་ལན་གྱི་ཅི་ཧྥུའུ་གྲོང་ཁྱེར་དང་ཅི་ཧྥུའུ་མངའ་སྡེ།   ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར་སོགས་ས་ཁུལ་མང་པོར་ཚེས་གཉིས་ཉིན་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ལ་རྨས་ཕོག    ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར།   ཨུ་རུ་སི་ཕྱོགས་ཀྱིས་ཉིན་དེར་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་པའེ་ཨར་ཀི་ལའོ་ཏི་མངའ་སྡེའི་བར་སྣང་ནས་ཝུའུ་ཁི་ལན་ཕྱོགས་ཀྱིས་འཕངས་པའི་མེ་ཤུགས་འཕུར་མདའ་བཅུ་བདུན་གཏོར་ཟེར།

ཅི་ཧྥུའུ་གྲོང་ཁྱེར་གྱི་འགོ་གཙོ་ཁུ་ལིས་ཆི་ཁུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར།    ཝུའུ་ཁི་ལན་གྱི་མཁའ་ཟོན་མེ་ཤུགས་ཀྱིས་ཅི་ཧྥུའུ་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་བར་སྣང་ནས་འཕུར་མདའ་རེ་གཅིག་བཀག་པ་དང་།  ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་དགུ་ལ་རྨས་ཕོག་ཟེར།   ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར།   བར་སྣང་འཇབ་རྒོལ་ལས་ཅི་ཧྥུའུ་མངའ་སྡེའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དྲུག་ལ་རྨས་ཕོག་ཟེར།    ཝུའུ་ཁི་ལན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཁུ་ལིས་མེན་ཁུ་ཡིས་ཡིག་ཆ་བཀྲམ་ནས་བཤད་རྒྱུར།    གྲོང་ཁྱེར་གཉིས་པ་ཧཱ་ཨར་ཁི་ཧྥུའུ་ལ་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་བཞི་ལ་རྨས་ཕོག་ཟེར།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཀྲ་ལུའུ་ཡིས་ཉིན་དེར་ཡིག་ཆ་བཀྲམ་ནས་བཤད་རྒྱུར།   ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཉིན་དེར་འཕུར་མདའ་གོ་དགུ་གཏོང་འཕེན་བྱས་པ་དང་།  ཝུའུ་ཁི་ལན་གྱི་མཁའ་ཟོན་མེ་ཤུགས་ཀྱིས་དེའི་ནང་གི་འཕུར་མདའ་དོན་གཉིས་བཀག་ལ།  གཞན་ཡང་ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་མི་མེད་གནམ་གྲུ་སོ་ལྔ་བཀག་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར།   ཨུ་རུ་སིའི་དམག་དཔུང་གིས་རྒྱང་བསྟེན་མཚོན་ཆ་དང་མི་མེད་གནམ་གྲུ་བཀོལ་ནས་ཅི་ཧྥུའུ་ཡི་དམག་དོན་བཟོ་ལས་དང་དེའི་ཉེ་འཁོར་གྱི་སྒྲིག་ཆས་ལ་རྒོལ་རྡུང་བཏང་བ་དང་།    དམིགས་འབེན་ཁྲོད་དུ་འཕུར་མདའ་དང་མི་མེད་གནམ་གྲུའི་ཐོན་སྐྱེད་བཟོ་གྲྭ།   དམག་དོན་སྒྲིག་ཆས་ཞིག་གསོ་བཟོ་གྲྭ།   ནུབ་ཕྱོགས་ཀྱི་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་འཕུར་མདའ་སོགས་འདུས་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན།   ཨུ་རུ་སིའི་མཁའ་ཟོན་རུ་ཁག་གིས་ཚེས་གཉིས་ཉིན་པའེ་ཨར་ཀི་ལའོ་ཏི་མངའ་སྡེའི་བར་སྣང་ནས་ཝུའུ་ཁི་ལན་ཕྱོགས་ཀྱིས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་བཅུ་བདུན་གཏོར་ཟེར།   པའེ་ཨར་ཀི་ལའོ་ཏི་མངའ་སྡེའི་འགོ་གཙོ་ཀི་ལ་ཏི་ཁུ་ཧྥུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར།   ཝུའུ་ཁི་ལན་དམག་ཕྱོགས་ཀྱི་འཇབ་རྒོལ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་ལ་རྨས་ཕོག་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།