དབྱི་རག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས2ཉིན་བཤད་རྒྱུར། དབྱི་རག་བྱང་རྒྱུད་ཀྱི་ས་ལ་ཧི་ཏེན་ཞིང་ཆེན་དུ་ཉིན་དེར་ལམ་འགྲམ་འགད་རྫས་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་བྱུང་ནས་དབྱི་རག་གི་དམག་དཔོན་ཞིག་དང“ཚོ་ཁག་སྐུལ་སློང་རྩ་འཛུགས”ཀྱི་བཀོད་འདོམས་པ་ཞིག་རྐྱེན་ལམ་དུ་ཤོར་ཟེར། ས་ལ་ཧི་ཏེན་ཞིང་ཆེན་ཉེན་རྟོག་དཔུང་སྡེའི་ཉེན་རྟོག་དཔོན་མོ་ཧན་མོ་ཏི·པ་ཆི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་རག་གི་དམག་དཔུང་དང“ཚོ་ཁག་སྐུལ་སློང་རྩ་འཛུགས”ཀྱི་དྲག་ཆས་པས་ཚེས2ཉིན་ས་ལ་ཧི་ཏེན་ཞིང་ཆེན་ནུབ་རྒྱུད་དུ་ཐལ་སྤྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ལ་དམིགས་པའི་མཉམ་འབྲེལ་འཚོལ་བཤེར་འགུལ་སྐྱོད་སྤེལ་སྐབས་ལམ་འགྲམ་འགད་རྫས་འགས་གཏོར་གྱི་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་ལས་ད་དུང་དམག་མི་གཉིས་ལ་རྨས་སྐྱོན་ཕོག་པ་དང་དམག་དཔུང་གི་རླངས་འཁོར་གཅིག་ལ་གཏོར་བརླག་ཐེབས་ཡོད་ཟེར།
ཤེས་རྟོགས་བྱུང་བ་ལྟར་ན། “ཚོ་ཁག་སྐུལ་སློང་རྩ་འཛུགས”དེ་དབྱི་རག་གི་དམངས་དམག་དྲག་ཆས་རྩ་འཛུགས“མི་དམངས་སྐུལ་སློང་རྩ་འཛུགས”ཀྱི་ཁོངས་སུ་གཏོགས་ཤིང་། དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར“དབྱི་སི་ལན་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བའི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་པ་རེད། དེའི་རྗེས་སུ“དབྱི་སི་ལན་རྒྱལ་ཁབ”ཀྱི་སྟོབས་ཤུགས་ལྷག་འཕྲོ་དེ་དག་གིས་ཐག་རིང་བྱེ་ཐང་དང་རི་ཁུལ་ཁག་ཅིག་ཏུ་བྱ་འགུལ་སྤེལ་ནས་དུས་ངེས་མེད་དུ་འཇབ་རྒོལ་བྱེད་བཞིན་ཡོད།