དབྱི་སི་རལ་དམག་ཕྱོགས་ཀྱིས་པེ་ལུའུ་ཐི་ལྷོ་ཕྱོགས་ཉེ་འཁོར་དུ་བར་སྣང་འཇབ་རྒོལ་བྱས་ཏེ་ཧཱ་མ་སིའི་འགོ་ཁྲིད་མི་སྣ་ཞིག་བསད།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ལེ་པ་ནུན་སྨྱན་བྱད་ཀྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན།    དབྱི་སི་རལ་གྱི་མི་མེད་གནམ་གྲུས་ཉིན་དེར་ལེ་པ་ནུན་གྱི་རྒྱལ་ས་པེ་ལུའུ་ཐི་ལྷོ་ཕྱོགས་ཉེ་འཁོར་གྱི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་གཞུང་སྒྲུབ་ཁང་ལ་འཇབ་རྒོལ་བྱས་ཏེ་ཧཱ་མ་སིའི་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་གཞོན་པ་སཱ་ལི་ཧི་ཨ་ལུའུ་ལི་སོགས་མི་དྲུག་བསད་ཟེར།

ལེ་པ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བཤད་རྒྱུར།    ས་དེའི་སྡོད་དམངས་ཀྱིས་བར་སྣང་འཇབ་རྒོལ་བྱེད་སྐབས་འགས་གཏོར་སྒྲ་དྲག་པོ་ཐོས་པ་དང་།   བར་སྣང་འཇབ་རྒོལ་ལས་ཨ་ལུའུ་ལི་སོགས་མི་དྲུག་བསད་ལ།    གཞན་ཡང་མི་མང་པོར་རྨས་ཕོག་ཡོད་པ་དང་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།     གཞན་ཡང་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་མངའ་འོག་གི་ཏིན་ཐཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན།     ཧཱ་མ་སིའི་ཁོངས་གཏོགས་དྲག་ཆས་ཕྱོགས་ཁག་ཁ་སང་སྟོང་ཤོག་གི་འགོ་ཁྲིད་པ་གཉིས་ཐེངས་འདིའི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ལེ་པ་ནུན་གྱི་ཙུང་ལི་མིས་ཁ་ཐི་ཡིས་ཉིན་དེར་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།    ཁོས་བཤད་རྒྱུར།  དེ་ནི་དབྱི་སི་རལ་གྱིས་བཟོས་པའི་ནག་ཉེས་གསར་པ་ཡིན་པ་དང་།   དེའི་དམིགས་ཡུལ་ནི་ལེ་པ་ནུན་འགོག་རྒོལ་གྱི་དུས་རིམ་གསར་པའི་ཁྲོད་ཞུགས་སུ་འཇུག་རྒྱུ་དེ་ཡིན་ཟེར།

ཧཱ་མ་སིའི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།    ཨ་ལུའུ་ལི་དང་དེའི་ལག་རོགས་པ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།   ཧཱ་མ་སིས་ཁ་ཐར་དང་ཨེ་ཅིབ་སོགས་བར་འདུམ་བྱེད་མཁན་དག་ལ་དབྱི་སི་རལ་བར་གྱི་གྲོས་མོལ་གང་ཡིན་ཡང་མཚམས་འཇོག་དགོས་པའི་བརྡ་བཏང་ཡོད་ཟེར།

ཧཱ་མ་སིའི་ཆབ་སྲིད་ཅུའུ་ཡི་ཁོངས་མི་དབྱི་ཀྲ་ཐི་ལིས་ཧྲིན་ཁི་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱིས་ཨ་ལུའུ་ལི་ལྐོག་གསོད་བྱས་པ་ནི་ནུས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་ཞེས་རྒོལ་གཏམ་བཏང་།    ཧཱ་མ་སིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ཨ་ལུའུ་ལི་ལྐོག་གསོད་བྱས་པ་དེས་འགོག་རྒོལ་གྱི་སྟོབས་ཤུགས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར།

དོན་རྐྱེན་བྱུང་རྗེས།   དབྱི་སི་རལ་སྲིད་གཞུང་དང་དམག་ཕྱོགས་ཀྱིས་པེ་ལུའུ་ཐི་ལྷོ་ཕྱོགས་ཉེ་འཁོར་ལ་འཇབ་རྒོལ་བྱས་པར་ཐད་ཀར་གྱི་དཔྱད་གླེང་ཅི་ཡང་སྤེལ་མེད།   འོན་ཀྱང་དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧཱ་ཅ་ལི་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།    དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་ཧཱ་མ་སི་ལ་རྒོལ་རྡུང་བྱེད་རྒྱུ་ཡིན་པར་མ་ཟད།    གནས་ཚུལ་གང་རུང་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།