དབྱི་སི་རལ་གྱིས་ཅཱ་ཧྲའི་གནས་སྤོར་སྡོད་དམངས་དང་ལེན་བྱེད་པའི་ཐད་ནས་རྒྱལ་ཁབ་མང་པོ་དང་གསང་བའི་གྲོས་མོལ་བྱས།
2024.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས3ཉིན་དབྱི་སི་རལ་གྱི་བདེ་འཇགས་ནེ་ཀིའི་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན།   དབྱི་སི་རལ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་གནས་སྤོར་སྡོད་དམངས་དང་ལེན་བྱེད་པའི་ཐད་ནས་རྒྱལ་ཁབ་མང་པོ་དང་གསང་བའི་གྲོས་མོལ་བྱེད་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན།    དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ཡིས་དེའི་སྔོན་ལིས་ཁུའུ་ཏི་སྡེ་ཚོགས་ཀྱི་གྲོས་ཚོགས་སྟེང་བསྒྲགས་པ་ལྟར་ན།   ཁོས་ཅཱ་ཧྲའི་རང་མོས་ཀྱི་གནས་སྤོར་སྡོད་དམངས་དག་རྒྱལ་ཁབ་གཞན་དུ་འགྲོ་བར་འབད་འཐབ་ཀྱིས་སྐུལ་འདེད་གཏོང་གང་ཐུབ་བྱེད་བཞིན་ཡོད་ཟེར།     ནེ་ཐཱ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར།     གནད་དོན་ནི་ཁོ་ཚོ་དང་ལེན་བྱེད་འདོད་པའི་རྒྱལ་ཁབ་འཚོལ་རྒྱུ་དེ་ཡིན་ལ།  ང་ཚོས་གནད་དོན་དེ་ཐག་གཅོད་པར་འབད་པ་བྱེད་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན།   དབྱི་སི་རལ་གྲོས་ཁང་གིས་ཚེས་གཉིས་ཉིན་གྲོས་ཚོགས་བསྡུས་ཏེ་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་རྗེས་ཀྱི་བཀོད་སྒྲིག་ལ་གྲོས་བསྡུར་ཟབ་མོ་བྱས།    དབྱི་སི་རལ་གྱི་གསང་འཕྲིན་པུའུ་ཀྲང་ཅཱ་མུའུ་ལི་ཨར་གྱིས་གྲོས་ཚོགས་སྟེང་བསྟན་དོན།    འཁྲུག་རྩོད་མཇུག་སྒྲིལ་སྐབས།    ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་ལ་ཕམ་ཁ་འབྱུང་སྲིད་པ་དང་།    ཅཱ་ཧྲ་ས་ཁུལ་དུ་མཁར་སྲིད་ཀྱི་རྣམ་པ་མེད་ལ།  མི་སེར་རྣམས་ཀྱིས་མི་ཆོས་རོགས་སྐྱོར་ལ་བརྟེན་ཆོག་པ་དང་།     ཅཱ་ཧྲ་ས་ཁུལ་གྱི་བརྒྱ་ཆའི་དྲུག་ཅུའི་ཞིང་ས་བདེ་འཇགས་རོགས་སྐྱོར་ཁུལ་དུ་འགྱུར་སྲིད་ཅིང་།   རང་མོས་གནས་སྤོར་སྡོད་དམངས་ནི་འཁྲུག་རྩོད་མཇུག་སྒྲིལ་རྗེས་ཀྱི་ཆེས་བཟང་ཞིང་ཆེས་དོན་དངོས་ཀྱི་འཆར་གཞི་ཡིན་ཟེར།

ཉེ་ལམ།   དབྱི་སི་རལ་གྱི་ནོར་སྲིད་པུའུ་ཀྲང་སི་མཱོ་ཐི་ལིས་ཧི་དང་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་པེན་ཀུ་ཝེ་ཨར་གཉིས་ཀྱིས་ཐེངས་མང་པོར་ཅཱ་ཧྲའི་གནས་སྤོར་སྡོད་དམངས་འཆར་གཞི་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་།  ཁོ་གཉིས་ཀྱི་གཏམ་བརྗོད་ལ་ཨ་མེ་རི་ཁ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རྒོལ་གཏམ་ཐེབས།      དབྱི་སི་རལ་སྨྱན་བྱད་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན།   ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་གཉིས་ཉིན་འབྲེལ་ཡོད་ཅཱ་ཧྲའི་མི་ཕྱིར་འབུད་ཀྱི་གཏམ་བརྗོད་ལ་ངན་སྐུལ་རང་བཞིན་དང་འགན་ཁུར་མི་འཁུར་བའི་རང་བཞིན་ལྡན་ཞེས་རྒོལ་གཏམ་བཏང་།    ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གཉིས་ཉིན་དབྱི་སི་རལ་གྱི་འཁྲུག་རྩོད་སྐབས་སུ་ནེ་ཀིའི་ཁོངས་མི་ཀན་ཚི་དང་ཁ་པར་གཏོང་སྐབས་བསྟན་དོན།    གཏམ་བརྗོད་དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ།    རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དང་འགལ་ཡོད་ཟེར།

ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན།   འདས་པའི་དུས་ཚོད་ཉེར་བཞིའི་རིང་།   དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་འཇབ་རྒོལ་ལས་མི་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།   མིག་སྔའི་བར་དུ།   སྐོར་འདིའི་འཁྲུག་རྩོད་ལས་བསྡོམས་པས་ཕ་ལེ་སི་ཐན་གྱི་མི་ཁྲི་གཉིས་དང་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་ལྔ་དང་སྟོང་བདུན་ལྷག་ལ་རྨས་ཕོག   གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན།  འཁྲུག་རྩོད་ལས་ཅཱ་ཧྲའི་མི་དམངས་ས་ཡ་གཅིག་དང་འབུམ་དགུ་རང་ཁྱིམ་དང་འབྲལ་དགོས་བྱུང་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།