ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་གཞི་རྒྱ་ཆེན་པོས་བཟུང་དམག་བརྗེ་རེས་བྱས།
2024.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས3ཉིན་གཞི་རྒྱ་ཆེན་པོས་བཟུང་དམག་བརྗེ་རེས་བྱེད་པའི་བྱ་སྤྱོད་སྤེལ་ནས་བཟུང་དམག200ལྷག་ཙམ་སོ་སོ་ནས་གློད་གྲོལ་བཏང་བ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས3ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བརྡ་ཁྱབ་སྤེལ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་འདུམ་འགྲིག་འོག་ཨུ་རུ་སིའི་བཟུང་དམག 240ཝུའུ་ཁི་ལན་ཚོད་འཛིན་ཁུལ་ནས་ཨུ་རུ་སིར་ཕྱིར་ལོག་བྱས་ཡོད་ཟེར། མིག་སྔར་ཨུ་རུ་སིའི་མཁའ་དབྱིངས་རྟགས་ཅན་གྱི་དམག་དཔུང་གིས་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུར་བརྟེན་ནས་གོང་གསལ་མི་སྣ་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཁོངས་གཏོགས་སྨན་ཁང་དུ་སྨན་བཅོས་དང་སེམས་ཁམས་ཀྱི་རོགས་སྐྱོར་དང་ལེན་བྱེད་པར་བསྐྱལ་བ་རེད།

ཉིན་དེར་ཝུའུ་ཁི་ལན་གྱི་བཟུང་དམག་བརྗེ་རེས་ལས་དོན་གྱི་འགན་འཁུར་བའི་སྡེ་ཁག་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་དམག་འཁྲུག་རིམ་སྤོར་བྱས་པའི་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་བཟུང་དམག་བརྗེ་རེས་བྱ་སྤྱོད་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ལ་ཁྱོན་སྡོམ་མི230བཙོན་གྲོལ་བཏང་བའི་ནང་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་དམག་མི130དང་། ཝུའུ་ཁི་ལན་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་མི55། མཐའ་སྲུང་དམག་མི38། རྒྱལ་ཁབ་ཀྱི་ཉེན་རྟོག་པ1དང་མི་སེར6བཅས་ཚུད་ཡོད།

ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བཙོན་གྲོལ་བཏང་བའི་མི་སྣ་རང་ཁྱིམ་དུ་ཕྱིར་ལོག་བྱས་པར་རྟེན་འབྲེལ་ཞུས་པར་མ་ཟད། ནུས་ཤུགས་ཡོད་རྒུས་ཝུའུ་ཁི་ལན་ཕྱོགས་ཀྱི་བཟུང་དམག་ཚང་མ་གློད་གྲོལ་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

2022ལོའི་ཟླ2པའི་ཚེས་24ཉིན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་སྤེལ་བའི་ཚུན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་རེས་ཐེངས་མང་བྱས་པ་རེད།

ཤ་བོ་གསེར་མཚོས་བསྒྱུར།