ཧ་མ་སིའི་མཐོ་རིམ་དཔོན་པོ་ཨ་ལུའུ་ལི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།
2024.01.04 ཁུངས། ཀློག་གྲངས། 33

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་གཞོན་པ་ས་ལེ་ཧི་ཨ་ལུའུ་ལེ་ཟླ་དང་པོའི་ཚེས2ཉིན་གྱི་དགོང་མོར་ལེ་པ་ནུན་གྱི་རྒྱལ་ས་པེ་ལུའུ་ཐི་རུ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ་རྐྱེན་ལམ་དུ་བཏང་། ཨ་རིའི་དཔོན་རིགས་ཀྱིས་བཤད་རྒྱུར། འཇབ་རྒོལ་དེ་དབྱི་སི་རལ་གྱིས་སྤེལ་བ་དང་། ཨ་རི་ཕྱོགས་ཀྱིས་དེའི་སྐོར་གྱི་གནས་ཚུལ་ཅི་ཡང་ཤེས་མེད་ཟེར། 

ཉིན་དེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་གཉིས་ཀྱིས་ཕ་ལེ་སི་ཐན་གྱི་མི་ཅ་ཧྲ་ས་ཁུལ་དུ་བདའ་རུ་བཅུག་པར་སྐྱོན་བརྗོད་བྱས། དབྱི་སི་རལ་སྨྱན་སྦྱོར་གྱིས་བསྒྲགས་རྒྱུར། ཨ་རིའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་སྔོན་མར་གཏན་འཁེལ་བྱས་པའི་ཟླ་དང་པོའི་ཚེས་བཞི་ཉིན་དབྱི་སི་རལ་ལ་འཚམ་འདྲིར་ཡོང་རྒྱུའི་དུས་ཚོད་དེ་ཕྱིར་སྣུར་བྱས་འདུག་ཟེར།

མིང་བཤད་མི་འདོད་པའི་ཨ་རིའི་དཔོན་པོ་ཞིག་གིས་ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་ཁང་གི་གསར་འགོད་པར་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ནི་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་བསླངས་པ་རེད། ཨ་རི་ཕྱོགས་ཀྱིས་དེའི་གནས་ཚུལ་ཤེས་མེད། དབྱི་སི་རལ་སྲིད་གཞུང་གིས་ལྐོག་གསོད་ཀྱི་འགུལ་སྐྱོད་སྤེལ་རྗེས་ད་གཟོད་ཨ་རིའི་སྲིད་གཞུང་ལ་བརྡ་བརྒྱབ་པ་རེད་ཟེར། 

ཨ་ལུའུ་ལེ་ནི་སྐབས་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་བྱུང་རྗེས་དབྱི་སི་རལ་གྱི་དམག་མིའི་ལག་ཏུ་ཤི་བའི་ཧ་མ་སིའི་ཆེས་མཐོ་བའི་དཔོན་པོའི་གྲལ་རེད། ཁོ་ནི་ཧ་མ་སིའི་དར་ཆའི་འོག་གི་དྲག་ཆས་རྩ་འཛུགས་ཁ་སང་དམག་དཔུང་གི་སྲོལ་འབྱེད་པའི་གྲས་ཀྱི་གཅིག་རེད། དུས་ཡུན་རིང་བོར་པེ་ལུའུ་ཐི་རུ་འགུལ་སྐྱོད་སྤེལ་ཞིང་། ཐེངས་མང་པོར་ཧ་མ་སིའི་ཚབ་བྱས་ནས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།