དབྱི་ལང་གི་ཁུ་ཨར་མན་གྲོང་ཁྱེར་དུ་བྱུང་བའི་འགས་གཏོར་དོན་རྐྱེན་གཉིས་ལས་མི་གོ་ལྔ་རྐྱེན་ལམ་དུ་ཤོར་བར་བཤད།
2024.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དབྱི་ལང་གི་འཕྲོད་བསྟེན་པུའུ་ཀྲང་ཨེ་ནོ་ལཱ་ཞི་ཡིས་ཚེས་གསུམ་གྱི་དགོང་མོར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཉིན་དེར་ཁུ་ཨར་མན་གྲོང་ཁྱེར་དུ་བྱུང་བའི་འགས་གཏོར་དོན་རྐྱེན་གཉིས་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ནི་གོ་ལྔ་ཡིན་པ་ལས།  དེའི་སྔོན་བསྒྲགས་པའི་མི་བརྒྱ་དང་གསུམ་མིན་ཟེར།

ཁུ་ཨར་མན་གྲོང་ཁྱེར་གྱི་འཕྲལ་བསྟུན་སྡེ་ཁག་གི་འགན་ཁུར་པ་མུའུ་ཧན་མོ་ཏི་སཱ་པེ་ལི་ཡིས་བཤད་རྒྱུར།    བར་ཁྱད་དེ་ནི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ལ་སྡོམ་རྩིས་བྱེད་སྐབས་ཀྱི་ནོར་འཁྲུལ་ལས་བཟོས་པ་རེད་ཟེར།   ཉིན་དེའི་ཅུང་སྔ་བའི་དུས་སུ།   དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན།    ཁུ་ཨར་མན་གྲོང་ཁྱེར་དུ་བྱུང་བའི་འགས་གཏོར་དོན་རྐྱེན་གཉིས་ལས་མི་བརྒྱ་དང་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉིས་བརྒྱ་དང་བཅུ་གཅིག་ལ་རྨས་ཕོག་ཟེར།

དབྱི་ལང་གི་འདས་ཟིན་པའི་མཐོ་རིམ་དམག་དཔོན་ཁཱ་ཞི་མུའུ་སུའུ་ལེ་མན་ཉི་ལ་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ཉིན་དེར་ཁུ་ཨར་མན་གྲོང་ཁྱེར་དུ་སྤེལ།  འགས་གཏོར་དོན་རྐྱེན་དེ་གཉིས་སུའུ་ལེ་མན་ཉི་ཡི་དུར་སའི་ཉེ་འཁོར་དུ་བྱུང་བ་དང་།   དོན་རྐྱེན་གཉིས་ཀྱི་བར་དུ་སྐར་མ་བཅུ་ཕྲག་ཁ་ཤས་ཡོད་ལ།    སྐབས་དེར་ཡུལ་དངོས་སུ་རྗེས་དྲན་བྱ་འགུལ་ལ་ཞུགས་པར་ཡོང་བའི་མང་ཚོགས་བརྒྱ་ཕྲག་མང་པོ་གཅིག་འདུས་བྱས་ཡོད།

དབྱི་ལང་གི་ཆེས་མཐོའི་འགོ་ཁྲིད་པ་ཧཱ་མེ་ནེ་དབྱི་དང་དབྱི་ལང་གི་ཙུང་ཐུང་ལེ་ཞི་གཉིས་ཀྱིས་ཐེངས་འདིའི་འཇིགས་སྐུལ་ནག་ཉེས་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་།    ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོ་མཁན་ལ་ཆད་གཅོད་ནན་མོ་བྱེད་རྒྱུའི་དམ་བཅས།    དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཉིན་དེར་བརྡ་འཕྲིན་སྤེལ་ནས་བཤད་རྒྱུར།    དབྱི་ལང་གིས་ཚེས་བཞི་ཉིན་ཐེངས་འདིའི་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཡིན་ཟེར།

མིག་སྔའི་བར་དུ།   རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།

ལྷ་མོ་ཚེ་རིང་གིས་བསྒྱུར།