ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལིས་ཡེ་ཡུལ་གྱར་པའི་སྒར་སའི་སྡོད་དམངས་ཐོག་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་བཅུ་ལྷག་བསད་ཟེར།
ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱས་པའི་ཐོག་ཁང་དུ་འགྲོ་སའི་ཁྱིམ་མེད་པའི་མི་མང་པོ་ཡོད་པ་དང་། མིག་སྔར་མི་མང་པོ་ད་རུང་ཞིག་རོའི་འོག་ཏུ་མནན་ནས་སྐྱོབ་ཐབས་བྲལ་ཡོད་ཟེར། གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དགོས་ངེས་ཀྱི་ལག་ཆ་མེད་པས། རོགས་སྐྱོབ་མི་སྣས་ལག་ཆ་ཅི་ཡང་མེད་པར་རོགས་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།
ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་གསལ་བསྒྲགས་གཞན་ཞིག་གི་ཁྲོད་དུ་བཤད་རྒྱུར། དབྱི་སི་རལ་གྱིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་བཏང་བ་དང་མི་ཉིས་བརྒྱ་རེ་གཅིག་རྨས། 2023ལོའི་ཟླ10པའི་ཚེས7ཉིན་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་ལྔ་དང་སྟོང་བདུན་ལྷག་ལ་རྨས་ཕོག་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།