ཡེ་མིན་རྒྱལ་ཁབ་ཀྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚེས3ཉིན་བཤད་རྒྱུར། རྩ་འཛུགས་དེའི་མཚོ་ཐོག་རུ་དཔུང་གིས་ཉིན་དེར་མཚོ་དམར་སྟེང་དུ་འགྲོ་བའི་ཟོང་འདྲུད་གྲུ་གཟིངས་ཤིག་ལ་འཕུར་མདའ་འཕངས་པ་ཡིན་ཟེར།
ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཡེ་ཧེ་ཡ་ས་ལེ་ཡ་ཡིས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མཚོ་ཐོག་སྟོབས་ཤུགས་ཀྱིས་ཐེངས་མང་པོར་ཧྥ་རན་སིའི་མཚོ་འགྲུལ་སྡེ་ཚོགས་ཀྱི་ཐར་ཀི་རྟགས་ཅན་གྱི་ཟོང་སྐྱེལ་གྲུ་གཟིངས་ལ་ཉེན་བརྡ་བཏང་མོད། ཐར་ཀི་རྟགས་ཅན་གྱི་གྲུ་གཟིངས་ཀྱིས་ཉེན་བརྡ་དེ་སྣང་མེད་དུ་བཞག་པས། རྩ་འཛུགས་དེས་འཕུར་མདའ་འགའ་འཕངས་པ་ཡིན་ཟེར།
ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་འཕུར་མདའ་དེ་དག་གྲུ་གཟིངས་སྟེང་དུ་ཕོག་ཡོད་མེད་གསལ་བོར་བསྒྲགས་མེད།
ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་བྱུང་རྗེས། ཡེ་མིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་འཕུར་མདའ་དང་མི་མེད་གནམ་གྲུ་ཐེངས་མང་བཀོལ་ནས་མཚོ་དམར་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས། ཧུའུ་སའེ་དྲག་ཆས་མི་སྣས་བསྟན་དོན། དབྱི་སི་རལ་གྱི་ཀུང་སིར་དབང་བ་དང་དེས་གཉེར་སྐྱོང་བྱེད་པ། དབྱི་སི་རལ་གྱི་རྒྱལ་དར་བཁལ་བའི་གྲུ་གཟིངས་ཚང་མ་རྩ་འཛུགས་དེའི་ཁྲིམས་མཐུན་གྱི་འཇབ་རྒོལ་བྱེད་ཡུལ་ཡིན། ཧུའུ་སའེ་དྲག་ཆས་མི་སྣས་དབྱི་སི་རལ་གྱི་གྲུ་གཟིངས་མཚོ་དམར་དང་ཨ་རབ་རྒྱ་མཚོའི་སྟེང་བགྲོད་པར་བཀག་འགོག་བྱ་རྒྱུ་ཡིན་ལ། དེ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་རྒོལ་རྡུང་མཚམས་འཇོག་པའི་བར་དུ་རྒྱུན་བསྲིང་རྒྱུ་ཡིན་ཟེར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་མང་པོའི་རྒྱལ་སྤྱིའི་ཁེ་ལས་ཀྱིས་ཚོང་རྫས་སྐྱེལ་འདྲེན་ལམ་ཐིག་མཚོ་དམར་བརྒྱུད་མཚམས་བཞག་ནས། ཨ་ཧྥེ་རི་ཁ་གླིང་གི་ལྷོ་ཕྱོགས་བརྒྱུད་དེ་འགྲོ་བ་ཁྱབ་བསྒྲགས་བྱས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།