ཨ་མེ་རི་ཁའི་ཨེ་ཨོ་ཝ་མངའ་སྡེའི་དཔོན་དམག་ཞིག་གིས་ཚེས4ཉིན་བཤད་རྒྱུར། མངའ་སྡེ་དེའི་ཏ་ལཱ་སི་རྫོང་ཕའེ་ལི་གྲོང་རྡལ་གྱི་སློབ་འབྲིང་ཞིག་ཏུ་ཉིན་དེའི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། དོགས་ཡོད་ཉེས་ཅན་འདུ་བའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་ལ་རྨས་ཕོག
ཨེ་ཨོ་ཝ་མངའ་སྡེའི་ཉེས་དོན་བརྟག་དཔྱད་སྡེ་ཁག་གི་ཀྲུའུ་རིན་རམ་འདེགས་པ་མིས་ཆི་མའོ་ཐི་ཝེ་ཐི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལོ་རིམ་དྲུག་པའི་སློབ་མ་ཞིག་ཐེངས་འདིའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་ལྔའི་ཁྲོད་དུ་སློབ་མ་བཞི་དང་སློབ་གྲྭའི་དོ་དམ་པ་གཅིག་འདུ། དོགས་ཡོད་ཉེས་ཅན་ནི་སློབ་གྲྭ་དེའི་ལོ་བཅུ་བདུན་ཅན་གྱི་སློབ་མ་ཞིག་ཡིན་པ་དང་། དོན་རྐྱེན་བཟོས་རྗེས་མེ་མདས་བརྒྱབ་སྟེ་རང་སྲོག་བཅད་ཟེར།
ཉིན་དེའི་ཅུང་སྔ་བའི་དུས་སུ། ཏ་ལཱ་སི་རྫོང་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཡཱ་ཏང་དབྱིན་ཧྥང་ཐི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ས་དེའི་དུས་ཚོད་བདུན་དང་སྐར་མ་སོ་བདུན་སྟེང་དུ། ཉེན་རྟོག་ཕྱོགས་ལ་ཕའེ་ལི་གྲོང་རྡལ་ཕའེ་ལི་སློབ་འབྲིང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བའི་ཁ་པར་འབྱོར་བ་དང་། ཡུལ་དངོས་སུ་འབྱོར་རྗེས་མེ་མདས་བརྒྱབ་པའི་རྨས་མ་མང་པོ་ཡོད་པ་མཐོང་། ཉེན་རྟོག་ཕྱོགས་ཀྱིས་གནས་བབ་ལ་ཚོད་འཛིན་བྱས་ཡོད་པས། ཚང་མས་བདེ་འཇགས་ལ་སེམས་ཁུར་བྱེད་དགོས་དོན་མེད་ཟེར།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས4ཉིན་ནི་ཕའེ་ལི་སློབ་གྲྭའི་སློབ་མ་རྣམས་དགུན་གནང་བྱིན་རྗེས་ཕྱིར་སློབ་གྲྭར་ལོག་པའི་ཉིན་དང་པོ་ཡིན་པ་དང་། དོན་རྐྱེན་དེ་འབྱུང་སྐབས་སློབ་གྲྭས་ད་རུང་སློབ་ཁྲིད་བྱེད་འགོ་བརྩམས་མེད་ཟེར།
ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཁཱ་ལི་ནཱ་རེང་ཕིས་ཨེ་ཨར་གྱིས་ཉིན་དེར་རྒྱལ་ཚོགས་ཀྱིས་ཁྲིམས་འཛུགས་ལ་བརྟེན་ནས་མེ་མདས་དྲག་ཤུགས་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་། མོས་བཤད་རྒྱུར། ཙུང་ཐུང་པའེ་ཏེན་གྱིས་དོན་རྐྱེན་དེའི་འཕེལ་རིམ་ལ་རྗེས་འདེད་བྱེད་བཞིན་ཡོད་པ་དང་། ཕོ་བྲང་དཀར་པོའི་དཔོན་དམག་གིས་ཨེ་ཨོ་ཝ་མངའ་སྡེའི་འགོ་གཙོའི་གཞུང་སྒྲུབ་ཁང་བར་འབྲེལ་གཏུགས་བྱས་ཡོད་ཟེར།
ཕའེ་ལི་གྲོང་རྡལ་ནི་ཨེ་ཨོ་ཝ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཏི་མའེ་དབྱིན་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་རེ་བཞིའི་མཚམས་སུ་ཡོད་པ་དང་མི་སྟོང་བརྒྱད་ལྷག་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།