ཅཱ་ལན་ཐི་ཡིས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་བསྒྲིལ་རྗེས་ཅཱ་ཧྲ་ས་ཁུལ་གྱི་དམངས་དོན་དོན་དག་ལ་ཕ་ལེ་སི་ཐན་གྱི་མིས་དོ་དམ་བྱ་ངེས་ཞེས་བཤད།
2024.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས་བཞི་ཉིན་བཤད་རྒྱུར།    སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་བསྒྲིལ་རྗེས།    ཅཱ་ཧྲ་ས་ཁུལ་གྱི་དམངས་དོན་དོན་དག་ལ་ཕ་ལེ་སི་ཐན་གྱི་མིས་དོ་དམ་བྱ་རྒྱུ་ཡིན་པ་དང་།   དབྱི་སི་རལ་གྱིས་ས་ཁུལ་དེའི་སྤྱིའི་བདེ་འཇགས་ལ་ཚོད་འཛིན་བྱེད་ངེས་ཡིན་ཟེར།

ཅཱ་ལན་ཐི་ཡིས་ཉིན་དེའི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།    དབྱི་སི་རལ་ཕྱོགས་ཀྱིས་དམིགས་འབེན་མངོན་འགྱུར་བྱས་རྗེས་ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་སྤྱི་དམངས་ཡོད་མི་སྲིད།   ཕ་ལེ་སི་ཐན་གྱི་ལས་ཁུངས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་སྡོད་དམངས་ལ་འགན་ཁུར་དགོས་པ་དང་། དབྱི་སི་རལ་ལ་དམིགས་པའི་དགྲར་འཛིན་བྱ་སྤྱོད་ཡོད་མི་ཆོག་པ་ནི་དེའི་ཆ་རྐྱེན་ཡིན་ཟེར།

ཅཱ་ལན་ཐི་ཡིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་རྗེས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་དོ་དམ་གནད་དོན་གླེང་སྐབས་བཤད་རྒྱུར།     དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་ཡིས་ཅཱ་ཧྲ་ས་ཁུལ་ལ་ཚོད་འཛིན་བྱེད་པ་དང་མང་ཚོགས་ལ་བདེ་འཇགས་འཇིགས་ཉེན་ཐེབས་པ་དེ་དང་ལེན་བྱེད་མི་སྲིད་པས།  དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་རང་དབང་འགུལ་སྐྱོད་སོར་འཇོག་བྱ་རྒྱུ་ཡིན་ཟེར།

ཅཱ་ལན་ཐི་ཡིས་ད་རུང་བཤད་རྒྱུར།    དབྱི་སི་རལ་ཕྱོགས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཀྱི་དུས་རིམ་གསུམ་པར་བར་བརྒལ་བྱེད་རྒྱུ་ཡིན།    དེའི་སྐབས་སུ།  དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་ས་འོག་ཕུག་ལམ་ལ་འཇབ་རྒོལ་དང་གཏོར་གཤིག་གཏོང་རྒྱུ་ཡིན་པ་དང་།   བར་སྣང་དང་ས་ངོས་རྒོལ་རྡུང་འགུལ་སྐྱོད་སོགས་སྤེལ་རྒྱུ་ཡིན་ཟེར།  འོན་ཀྱང་ཁོས་དུས་ནམ་ཞིག་ལ་དུས་རིམ་གསུམ་པར་བར་བརྒལ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་མ་བྱས།

དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    དབྱི་སི་རལ་ཕྱོགས་ཀྱི་དུས་རིམ་གསུམ་པའི་དམག་འཐབ་དམིགས་ཡུལ་ནི་ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་ལྷག་འཕྲོའི་སྟོབས་ཤུགས་མེད་པར་གཏོང་རྒྱུ་དེ་ཡིན་ཟེར།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་བསྒྲགས་པའི་ཚེས་གསུམ་ཉིན་གྱི་གཞི་གྲངས་ལྟར་ན།    2023ལོའི་ཟླ10པའི་ཚེས7ཉིན་སྐོར་ཐེངས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་བྱུང་བའི་ཚུན་ལ།   དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་གཉིས་ལྷག་རྐྱེན་ལམ་དུ་བཏང་བ་དང་མི་ཁྲི་ལྔ་དང་སྟོང་བདུན་ལྷག་རྨས་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།