དབྱི་རག་གི་དཔོན་རིགས་ཀྱིས་ཚེས4ཉིན་རྒྱལ་ས་པ་ཀ་ཏའི་ཤར་རྒྱུད་དུ་ཡོད་པའི་དམངས་དམག་དྲག་ཆས་རྩ་འཛུགས“མི་དམངས་སྐུལ་སློང་རྩ་འཛུགས”ཀྱི་སྟོང་ཤོག12པའི་སྤྱི་ཁྱབ་པུའུ་རུ་ཉིན་དེའི་ཉིན་གུང་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས་མི3རྐྱེན་ལམ་དུ་ཤོར་བ་དང་། མི5ལ་རྨས་སྐྱོན་ཕོག་ཡོད་ཟེར།
དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“མི་དམངས་སྐུལ་སློང་རྩ་འཛུགས”ཀྱི་སྟོང་ཤོག12པའི་བཀོད་འདོམས་དཔོན་ཐ་ལི་པུའུ·སའེ་དབྱི་ཏི་དང་དེའི་ལག་རོགས་པ། ཁོངས་མི་གཞན་ཞིག་བཅས་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། དབྱི་རག་བདེ་འཇགས་དམག་དཔུང་གིས་ཡུལ་དངོས་བཀག་སྡོམ་བྱས་ནས་རྨས་མ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ཟེར།
གཞན་ཡང་སྨྱན་སྦྱོར་གྱིས་ཨ་མེ་རི་ཁའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམག་གིས་ཚེས4ཉིན་པ་ཀ་ཏ་རུ་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་ནས་དབྱི་རག་གི་དམངས་དམག་དྲག་ཆས་རྩ་འཛུགས་ཀྱི་འགོ་པ་གཅིག་བསད་ཟེར།
དབྱི་རག་དྲག་ཆས་དམག་དཔུང་གི་དམག་སྤྱི་ཆེན་མོའི་མགྲིན་ཚབ་པ་ཡེ་ཧའེ་ཡ·ལ་སུའུ་ཨར་གྱིས་གསལ་བསྒྲགས་སྤེལ་ནས་དབྱི་རག་དབང་འཛིན་ལས་ཁུངས་ཀྱིས་ཨ་མེ་རི་ཁས་འགོ་ཁྲིད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ད་ཐེངས་ཀྱི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ངོས་འཛིན་བྱེད་ཀྱིན་ཡོད། འཇབ་རྒོལ་ནི“དབྱི་རག་གི་བདག་དབང་དང་བདེ་འཇགས་ལ་མངོན་སུམ་འཛེམ་མེད་ཀྱིས་ཚུར་རྒོལ་དང་བཙན་གནོད་བྱས་པ”ཞིག་རེད་ཟེར།
ཟླ10པའི་ཚེས7ཉིན་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་བར་གཞི་ཁྱོན་ཆེ་བའི་དམག་འཁྲུག་གསར་དུ་བྱུང་བ་ནས་བཟུང་ཨ་རིའི་དམག་ལ་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་བཅའ་སྡོད་བྱ་ཡུལ་དུ་དྲག་ཆས་རྩ་འཛུགས་ཀྱི་འཇབ་རྒོལ་ཡང་ཡང་ཐེབས་པ་རེད། ཨ་རིའི་དམག་གིས་ཐེངས་མང་པོར་དབྱི་རག་ས་ཁོངས་ནང་གི་དྲག་ཆས་རྩ་འཛུགས་ཀྱི་སྒྲིག་བཀོད་ལ་གནད་ཁེལ་རྒོལ་རྡུང་བྱས་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།