དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཅ་ལན་ཐི་ཡིས་ཚེས4ཉིན་བསྟན་དོན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་སི་རལ་གྱི་བྱང་ཕྱོགས་དང་ལེ་པ་ནུན་མཐའ་མཚམས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་བར་དུས་ཚོད་རིང་བོ་མི་འགོར་ཟེར།
དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས4ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ལན་ཐི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཆེད་མངགས་ཕོ་ཉ་ཨ་མོ་ཟི་ཧོ་ཁི་སི་ཐན་གྱིས་དབྱི་སི་རལ་གྱི་བྱང་ཕྱོགས་དང་ལེ་པ་ནུན་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བསྟན་པར་མ་ཟད། ས་ཁུལ་དེའི་དབྱི་སི་རལ་གྱི་མི་ཁྲི་བརྒྱད་ལྷག་ཕྱིར་རང་ཡུལ་དུ་འབྱོར་དུ་འཇུག་རྒྱུ་ནི་ཆེས་ཐོག་མའི་ལས་འགན་ཡིན་པར་བཤད་ཟེར།
གསལ་བསྒྲགས་ལས་ཅ་ལན་ཐི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་ནི་རྒྱ་ལམ་བཞི་མདོ་ན་ཡོད། ཕྱི་འབྲེལ་ཐབས་ལམ་གྱི་དུས་ཡུན་ཤིན་ཏུ་ཐུང་མོད། ང་ཚོ་དེ་ལྟར་བསྒྲུབ་པར་འཐད་པ་ཡིན་ཟེར། ཁོས་དབྱི་སི་རལ་གྱིས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་བསླངས་པའི་འཇིགས་སྐུལ་ལ་བཟོད་སྒོམ་གཏན་ནས་མི་བྱེད་པར། སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བཤད།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས4ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་གསུམ་ཉིན་གྱི་དགོང་མོ་ནས་ཚེས་བཞིའི་ཉིན་དཀར་བར་དུ་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་ལྷོ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་ཆས་སྐོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས། དེའི་ཁྲོད་དུ་མེ་ཤུགས་འཕུར་མདའ་དང་ལྟ་རྟོག་འཕྲུལ་ཆས། ཐན་ཁི་འཁོར་ལོར་རྒོལ་བའི་མཚོན་ཆ་སོགས་བཀོལ་ཡོད་ཟེར།
ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ2023ལོའི་ཟླ10པའི་ཚེས7ཉིན་འཁྲུག་རྩོད་བྱུང་བའི་ཚུན་དུ། དབྱི་སི་རལ་དང་ལེ་པ་ནུན་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་མཚམས་མ་ཆད། ཡེ་ལུའུ་ས་ལུན་སྦྲགས་སྲིད་ཚགས་པར་ཁང་གིས་བསྒྲགས་པ་ལྟར་ན། འདས་པའི་གཟའ་འཁོར་གསུམ་ནས་བཞིའི་རིང་ལ། དབྱི་སི་རལ་གྱི་དམག་མིས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣར་རྒོལ་རྡུང་བྱེད་ཤུགས་ཇེ་ཆེར་བཏང་ནས། བདེ་བླག་ངང་རྩ་འཛུགས་དམག་ཤུགས་ཕྱེད་ཀ་ལྷག་ཕྱིར་འཐེན་བྱེད་དུ་བཅུག་མོད། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་གཙོ་རྒོལ་རུ་དཔུང་གིས་སྔར་བཞིན་ལེ་པ་ནུན་གྱི་མཐའ་མཚམས་སུ་སྒར་བཏབ་ནས། མུ་མཐུད་དུ་དབྱི་སི་རལ་གྱི་ཕྱོགས་སུ་འཕུར་མདེལ་དང་མེ་ཤུགས་འཕུར་མདའ་འཕེན་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས4ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་ཅ་ཧྲ་ས་ཁུལ་དུ་བར་སྣང་དང་སྐམ་ས། མཚོ་ཐོག་བཅས་ནས་དཔུང་འཇུག་བྱེད་བཞིན་ཡོད་ལ། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དྲག་ཆས་མི་སྣ་མང་པོ་ཅ་ཧྲ་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སི་ནས་བསད་ཡོད་ཟེར། གཞན་དབྱི་སི་རལ་གྱི་དམག་དཔུང་དང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཕ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་ཅ་ཧྲའི་བྱང་ཕྱོགས་ཀྱི་བཀོད་འདོམས་པ་མཱ་མོ་ཏུའུ་ལོ་ལོ་ཟེར་བ་དེ་ཡང་བསད་ཡོད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།