ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་དབྱི་ལང་ཤར་ལྷོའི་ཕྱོགས་ཀྱི་ཁི་ཨར་མན་གྲོང་ཁྱེར་དུ་བྱུང་བའི་འགས་གཏོར་དོན་རྐྱེན་དེ་གཉིས་ཁོ་ཚོས་བཟོས་པ་ཁྱབ་བསྒྲགས་བྱས།
2024.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཚེས་བཞི་ཉིན་དབྱི་ལང་ཤར་ལྷོའི་ཕྱོགས་ཀྱི་ཁི་ཨར་མན་གྲོང་ཁྱེར་དུ་བྱུང་བའི་འགས་གཏོར་དོན་རྐྱེན་དེ་གཉིས་ཁོ་ཚོས་བཟོས་པ་ཁྱབ་བསྒྲགས་བྱས།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན།     དབྱི་སི་ལན་རྒྱལ་ཁབ་ཀྱིས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར།    འཇབ་རྒོལ་མཁན་གཉིས་ཀྱིས་ཁི་ཨར་མན་གྲོང་ཁྱེར་དུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་བྱས་ཟེར།    གསལ་བསྒྲགས་ཁྲོད་དུ་ད་རུང་གནས་ཚུལ་ཤེས་མཁན་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར།  བདེན་དཔང་གཞན་དག་ལས་མངོན་པ་ལྟར་ན།  འགས་གཏོར་དོན་རྐྱེན་གཅིག་ནི་རང་སྲོག་གཅོད་པའི་འགད་རྫས་འགས་གཏོར་འཇབ་རྒོལ་ཡིན་པ་དང་།   འཇབ་རྒོལ་མཁན་གྱི་ཐོབ་ཐང་ངོས་འཛིན་བྱེད་བཞིན་པའི་སྒང་ཡིན།    འགས་གཏོར་དོན་རྐྱེན་གཞན་པ་དེ་ཡང་རང་སྲོག་གཅོད་པའི་འགད་རྫས་འགས་གཏོར་འཇབ་རྒོལ་ཡིན་སྲིད་ཟེར།

དབྱི་ལང་གི་ནང་སྲིད་པུའུ་ཀྲང་ཨེ་ཧཱ་མའེ་ཏི་ཝ་ཞི་ཏི་ཡིས་ཚེས4ཉིན་ཁི་ཨར་མན་གྲོང་ཁྱེར་གྱི་འགས་གཏོར་དོན་རྐྱེན་གཉིས་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་གོ་ལྔ་ནས་གྱ་བཞི་ལ་མར་ཕབ།    ཝ་ཞི་ཏི་ཡིས་བཤད་རྒྱུར།    བསྡོམས་པས་མི་ཉིས་བརྒྱ་གྱ་བཞི་རྨས་པ་དང་།  དེའི་ནང་མི་ཉིས་བརྒྱ་ཉི་ཤུས་སྨན་ཁང་དུ་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་ལ།  མི་ཁ་ཤས་ནད་པ་ལྗིད་མོའི་ལྟ་སྐྱོང་ནད་ཁང་དུ་ཡོད་ཟེར།

ཁི་ཨར་མན་གྲོང་ཁྱེར་ནི་ཁི་ཨར་མན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་གྲོང་ཁྱེར་ཆེས་ཆེན་པོ་ཡིན་ལ།   རྒྱལ་ས་ཏི་ཧེ་ལན་བར་དུ་ཧ་ལམ་སྤྱི་ལེ་སྟོང་གཅིག་ཡོད་པ་དང་།  དེ་ནི་དབྱི་ལང་གི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བའི་མཐོ་རིམ་དམག་དཔོན་ཁཱ་ཞི་མུའུ་སུའུ་ལེ་མན་ཉི་ཡི་ཕ་ཡུལ་རེད།   ཚེས་གསུམ་ཉིན་སུའུ་ལེ་མན་ཉི་ལ་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ཁི་ཨར་མན་གྲོང་ཁྱེར་དུ་སྤེལ།    འགས་གཏོར་དེ་གཉིས་སུའུ་ལེ་མན་ཉི་ཡི་དུར་སའི་ཉེ་འགྲམ་དུ་བྱུང་བ་དང་།   དོན་རྐྱེན་གཉིས་བར་དུ་སྐར་མ་བཅུ་ཕྲག་ཁ་ཤས་ཡོད།    སྐབས་དེར་ཡུལ་དངོས་སུ་རྗེས་དྲན་བྱ་འགུལ་ལ་ཞུགས་པར་ཡོང་བའི་མང་ཚོགས་བརྒྱ་ཕྲག་མང་པོ་གཅིག་ཏུ་འདུས་ཡོད།    འགས་གཏོར་བྱུང་རྗེས།   དབྱི་ལང་གི་ཆེས་མཐོའི་འགོ་ཁྲིད་ཧཱ་མེ་ནེ་དབྱི་དང་དབྱི་ལང་གི་ཙུང་ཐུང་ལའེ་ཞི་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་ནི་འཇིགས་སྐུལ་ནག་ཉེས་བྱ་སྤྱོད་རེད་ཅེས་རྒོལ་གཏམ་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།