འཇར་པན་སྨྱན་བྱད་ཀྱིས་ཚེས4ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ནུན་ཏིན་ཕྱེད་གླིང་དུ་ས་ཡོམ་བྱུང་བ་ལས་ཧྲི་ཁྲོན་རྫོང་གི་མི84རྐྱེན་ལམ་དུ་ཤོར་བ་དང་། ས་ཡོམ་བྱུང་རྗེས་འབྲེལ་བ་ཆད་པའི་མི་གྲངས179ལ་ཇེ་མང་དུ་ཕྱིན་པའི་ནང་ནར་མ་སོན་པའི་མི3ཡོད་ཟེར།
ས་ཡོམ་བྱུང་རྗེས་རོགས་སྐྱོབ་བྱེད་ཡུན་གྱི་གནད་འགག་གི་དུས་ཚོད་དེ་ཆུ་ཚོད72འགོར་ཡོད་ནའང་། འཇར་པན་ཉེན་རྟོག་ཕྱོགས་དང་མེ་ཟོན་སྡེ་ཁག་གིས་སྔར་བཞིན་འཚོལ་སྐྱོབ་བྱེད་བཞིན་ཡོད། ས་གནས་དེ་གའི་དུས་ཚོད་ཚེས4ཉིན་གྱི་ཆུ་ཚོད16དང་སྐར་མ28སྟེང་ཏ་པན་གྲོང་ཁྱེར་མེ་ཟོན་ཅུའུ་ཡི་རོགས་སྐྱོབ་མི་སྣས་རྡིབ་སྐྱོན་ཤོར་བའི་ཁང་པ་ཞིག་གི་ནང་ནས་ལོ་ན་མཐོ་བའི་བུད་མེད་ཅིག་བསྐྱབས་པ་དང་། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་རེས་སྐོར་གླིང་ཕྲན་གྲོང་ཁྱེར་ཕྱོགས་ཀྱི་ཆ་འཕྲིན་དྲངས་ནས་ཉུང་མཐར་ཡང་གྲོང་མི་ས་འོག་ཏུ་སྦས་པའི་ཆ་འཕྲིན་བཞི་བཅུ་ནས་ལྔ་བཅུ་འབྱོར་ཡོད་ཅེས་བཤད།
མིག་སྔར་ཧྲི་ཁྲོན་རྫོང་ནས་གནོད་ཁུལ་དུ་བསྐྱོད་པའི་གཞུང་ལམ་སྟེང་ས་ཚུགས93སྔར་བཞིན་ཁེགས་ཡོད་ལ། ལོན་ཏའོ་གྲོང་ཁྱེར་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་མི780ཙམ་ཉེན་ཁའི་གནས་སུ་གྱར་ཡོད། ཅིན་ཙེ་གྲོང་ཁྱེར་ནས་ལོན་ཏའོ་གྲོང་ཁྱེར་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་བར་གྱི་གཞུང་ལམ་སྟེང་རླངས་འཁོར་ཆེ་གྲས་ཤར་བགྲོད་ཐུབ་པ་དང་རོགས་སྐྱོབ་དངོས་ཟོག་གནོད་ཁུལ་དུ་བདེ་བླག་ངང་སྐྱེལ་ཐུབ། མཚོ་ཐོག་རང་སྲུང་རུ་ཁག་གི“ཏ་ཡུས”རྟགས་ཅན་གྱི་སྐྱེལ་འདྲེན་དམག་གྲུས་སྐམ་འབེབས་དམག་གྲུ་སྤྱད་དེ་རོགས་སྐྱོབ་ཐད་སྤྱོད་པའི་འཕྲུལ་ཆས་ལྗིད་མོའི་རིགས་མཚོ་འགྲམ་དུ་སྐྱེལ་བཞིན་ཡོད།
ཧྲི་ཁྲོན་རྫོང་གིས་ཚེས4ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ཧྲི་ཁྲོན་རྫོང་དུ་མིག་སྔར་ད་དུང་ཁྱིམ་ཚང་ཁྲི3ཙམ་ལ་གློག་མེད་པ་དང་། གྲོང་རྡལ13ལ་ཆུ་ཆད་ཅིང་། མི་ཁྲི་གསུམ་དང་སྟོང་གསུམ་ཉེན་གཡོལ་ཁུལ་དུ་ཉེན་གཡོལ་བྱེད་བཞིན་ཡོད།
འཇར་པན་རླུང་འཕྲིན་མཐུན་ཚོགས་ཀྱིས་ཚེས4ཉིན་གྱི་སྔ་དྲོར་སྤེལ་བའི་གནས་ཚུལ་ལྟར་ན། ཧྲི་ཁྲོན་རྫོང་ནུན་ཏུན་ཕྱེད་གླིང་དུ་ས་ཡོམ་བྱུང་ནས་རྫོང་དེའི་མི81རྐྱེན་ལམ་དུ་ཤོར་བ་དང་། མི51གི་ཤི་གསོན་གནས་ཚུལ་གསལ་པོར་མི་ཤེས་ཟེར།
ཤ་བོ་གསེར་མཚོས་བསྒྱུར།