ཝང་དབྱི་པེ་ཅིང་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།
2024.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་ལྔ་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་པེ་ཅིང་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པའེ་ཏིན་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བསྟན་དོན། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་དུ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་འཛམ་གླིང་ལ་ཕན་པ་འདོགས་རྒྱུ་ཡིན་ཞེས་ནན་བཤད་བྱས།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བར་ཆད་དང་འཕྲད་ནའང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་རྩ་ལས་དགེ་མཚན་ལྡན་པའི་བློ་སྒོ་བསྐྱེད་པ་ནི། ཞི་བདེ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཆེས་རྩ་བར་གྱུར་པའི་རྨང་རྡོ་ཡིན་པ་དང་། མཉམ་ལས་ནི་ཀྲུང་གོ་དང་ཨ་རིའི་མཉམ་གནས་ཀྱི་གདམ་ག་ཆེས་ཡང་དག་པ་ཡིན་ལ། གཉིས་ཕན་མཉམ་ལས་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན་པ་དེ་རེད།

ཝང་དབྱི་ཡིས་བསྟན་དོན། ན་ནིང་གི་ཟླ11པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་གྱིས་ཅིག་ཅིན་ཧྲན་དུ་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་ཀྱིས་ཅིག་ཅིན་ཧྲན་གྱིས་འགོ་འཛུགས་ས་གསར་པའི་སྟེང་ཕན་ཚུན་བརྩི་འཇོག་དང་ཞི་བདེ། མཉམ་ལས་གཉིས་ཕན་བཅས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་གནས་ཀྱི་ལམ་བུ་ཞིག་ཏུ་བརྩིས་ནས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་བསྟན།

ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ཁ་ཚ་དགོས་གཏུག་གི་བྱ་བ་ནི་ངོས་འཛིན་ཡང་དག་བྱ་རྒྱུ་དེ་ཡིན། ཀྲུང་གོས་སུ་ཞིག་གི་ཚབ་བྱེད་འདོད་མེད་པ་དང་བཙན་དབང་བྱེད་འདོད་དེ་ལས་ཀྱང་མེད། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཛུགས་རྒྱུར་འབད་བརྩོན་བྱེད་འདོད་ཡོད།

ཞི་བདེ་མཉམ་གནས་མཐའ་འཁྱོངས་བྱེད་པར་གལ་ཆེན་ནང་གི་འགངས་ཆེན་ནི་འགལ་ཟླ་དོ་དམ་དང་ཚོད་འཛིན་ནུས་ལྡན་བྱ་རྒྱུ་དེ་ཡིན་ལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་མིག་རྒྱང་དང་ངེས་ཤུགས་ཡོད་དགོས་པ་ལས། ཕྱོགས་འགལ་དང་ཁྱད་པར་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཙོ་ཁྲིད་དང་འགལ་རྐྱེན་བཟོ་མི་རུང་།

མཉམ་ལས་གཉིས་ཕན་ཡོང་རྒྱུའི་རྨང་གཞི་ནི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཕྱོགས་གཉིས་ཀྱིས་ལམ་སྲོལ་ཁག་མུ་མཐུད་དུ་བེད་སྤྱོད་གང་ལེགས་བྱས་ཏེ་གང་མགྱོགས་ཀྱིས་འབྲེལ་ཟམ་བཙུགས་ནས་མཉམ་ལས་ཀྱི་ལམ་བུ་བཏོད་དགོས།

ཀྲུང་གོར་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་པ་མེས་ཏེ་ཝའེ་ཡིས་ཨ་རི་ཕྱོགས་ཀྱི་ཚབ་བྱས་ནས་ཨ་རི་དང་ཀྲུང་གོའི་བར་འབྲེལ་བ་འབྲེལ་བ་བཙུགས་ནས་ལོ45འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས་ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།