དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ལྷོ་རྒྱུད་ཀྱི་སྡོད་ཁང་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་བཅུ་གསུམ་བསད།
2024.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་ཚེས6ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་ཐོ་རེངས་ཀྱི་ཆར་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་ཟིའི་སྡོད་ཁང་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཅུ་གསུམ་བསད།

སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་འཇབ་རྒོལ་ཁྲོད་ཀྱི་འདས་པོ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་ཡིན་པ་དང་། མི་མང་པོར་རྨས་སྐྱོན་ཕོག་ཡོད། གནས་ཚུལ་དེར་རྒྱུས་ལོན་ཡོད་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ད་དུང་ཅཱ་ཧྲ་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཏེ་ཨར་པའེ་ལ་ཧི་ལ་འཇབ་རྒོལ་བྱས་ནས། མི་མང་པོ་ཤི་རྨས་བཟོས་ཡོད་ཟེར།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས5ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། འདས་ཟིན་པའི་དུས་ཚོད་ཉེར་བཞིའི་རིང་ལ། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས་མི་བརྒྱ་དང་རེ་གཉིས་བསད་པ་དང་མི་ཉིས་བརྒྱ་དང་གོ་དྲུག་རྨས། 2023ལོའི་ཟླ10པའི་ཚེས7ཉིན་སྐབས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། མི་ཁྲི་གཉིས་དང་སྟོང་གཉིས་དྲུག་བརྒྱ་བསད་པ་དང་། མི་ཁྲི་ལྔ་དང་སྟོང་བདུན་ལྷག་རྨས།

བན་དེ་སྐྱབས་ཀྱིས་བསྒྱུར།