དབྱི་ལང་གིས་ཁི་ཨར་མན་གྲོང་ཁྱེར་གྱི་འགས་གཏོར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་བཅུ་གཅིག་འཛིན་བཟུང་བྱས།
2024.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལང་གསང་འཕྲིན་པུའུ་ཡིས་ཚེས5ཉིན། རྒྱལ་ཁབ་དེའི་ཁྲིམས་འཛིན་མི་སྣས་ཁི་ཨར་མན་གྲོང་ཁྱེར་གྱི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་བཅུ་གཅིག་འཛིན་བཟུང་བྱས་ཡོད་ཟེར།

དབྱི་ལང་གསང་འཕྲིན་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། གསང་འཕྲིན་སྡེ་ཁག་གིས་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་མི་སྣར་རྗེས་འདེད་བཏང་བར་མ་ཟད། བདེ་འཇགས་དང་ཉེན་རྟོག་པ་སོགས་སྡེ་ཁག་མང་པོ་མཉམ་ལས་བྱས་ཏེ། སྔ་རྗེས་སུ་ཞིང་ཆེན་དྲུག་ཏུ་ཁི་ཨར་མན་གྲོང་ཁྱེར་གྱི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་བཅུ་གཅིག་འཛིན་བཟུང་བྱས་པ་དང་། དེའི་ནང་ནས་མི་གཉིས་ཀྱིས་རང་ཤི་རྒྱག་པའི་རྣམ་པ་ཡི་འཇབ་རྒོལ་བྱེད་མཁན་ལ་སྡོད་ཁང་འདོན་སྤྲོད་བྱས་ཡོད། ཁྲིམས་འཛིན་མི་སྣས་འཛིན་བཟུང་དངོས་ཀྱི་ཁྲོད་ད་དུང་འབར་མདེལ་གྱི་ལྕགས་སྦུག་དང་འབར་མདེལ་སྟོད་གོས་སོགས་འགས་གཏོར་སྒྲིག་ཆས་དང་རྒྱུ་ཆ་རྩད་ཆོད་ཡོད་ཟེར།

གསལ་བསྒྲགས་ལས་རང་ཤི་རྒྱག་པའི་རྣམ་པ་ཡི་འཇབ་རྒོལ་པ་གཉིས་ཀྱི་ཁྲོད་ནས་མི་གཅིག་ནི་ཐ་ཇིག་སི་ཐན་གྱི་སྤྱི་དམངས་ཡིན་པ་རྩད་ཆོད་པ་དང་། མི་གཞན་པ་དེའི་ཐོབ་ཐང་རྩད་ཆོད་བྱས་མེད་ཟེར། ཁྲིམས་འཛིན་མི་སྣས་མུ་མཐུད་དུ་རྩད་གཅོད་བྱས་ནས། འཇབ་རྒོལ་ནང་ཞུགས་མཁན་ཚང་མ་ཁྲིམས་ལ་སྦྱོར་རྒྱུ་རེད།

ཁི་ཨར་མན་གྲོང་ཁྱེར་ནི་དབྱི་ལང་གི་འཇབ་རྒོལ་ཁྲོད་ཤི་བའི་མཐོ་རིམ་དམག་དཔོན་ཁཱ་ཞིས་མུའུ·སུའུ་ལའེ་མན་ཉིས་ཡི་ཕ་ཡུལ་རེད། ཚེས3ཉིན་སུའུ་ལའེ་མན་ཉིས་འཇབ་རྒོལ་ཁྲོད་ཤི་བར་གྲོང་ཁྱེར་དེ་གས་རྗེས་དྲན་བྱེད་སྒོ་སྤེལ་བ་རེད། འགས་གཏོར་སྔ་ཕྱི་གཉིས་སྔ་རྗེས་སུ་སུའུ་ལའེ་མན་ཉིས་ཡི་དུར་སའི་ཉེ་འགྲམ་དུ་བྱུང་བ་དང་། གནས་དེ་གར་རྗེས་དྲན་བྱེད་སྒོར་ཞུགས་མཁན་གྱི་མང་ཚོགས་བརྒྱ་ཕྲག་མང་པོ་འཛོམས་ཡོད། ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱིས་ཚེས4ཉིན་ད་རེས་ཀྱི་འགས་གཏོར་དོན་རྐྱེན་བཟོས་པ་ཡིན་ཞེས་ཁྱབ་སྒྲོག་བྱས། ཚེས5ཉིན། དབྱི་ལང་གིས་ཁི་ཨར་མན་གྲོང་ཁྱེར་གྱི་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་མཉམ་དུ་འདས་མཆོད་བསྒྲུབས།

དབྱི་ལང་ནང་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཅིས་ཏི·མིས་ཨར-ཨའེ་ཧ་མའེ་ཏི་ཡིས་ཚེས་5ཉིན། ཁི་ཨར་མན་གྲོང་ཁྱེར་གྱི་འགས་གཏོར་དོན་རྐྱེན་གྱི་བརྟག་དཔྱད་མཇུག་འབྲས་གསར་ཤོས་ངོ་སྤྲོད་བྱེད་སྐབས། ཡུལ་དངོས་ནས་འཇབ་རྒོལ་པ་གཉིས་ཀྱི་བེམ་པོ་ཤེས་རྟོགས་བྱུང་བ་དང་། དེའི་ཐོག་ནས་འགས་གཏོར་སྔ་ཕྱི་གཉིས་རང་ཤི་རྒྱག་པའི་རྣམ་པ་ཡི་འཇབ་རྒོལ་ཡིན་པ་ར་སྤྲོད་ཐུབ་ཟེར། འགས་གཏོར་དོན་རྐྱེན་ཁྲོད་མི་གྱ་དགུ་བསད་པ་དང་མི་ཉིས་བརྒྱ་དང་བདུན་ཅུ་ལྷག་རྨས།

བན་དེ་སྐྱབས་ཀྱིས་བསྒྱུར།