དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དབུས་རྒྱུད་དུ་འགས་གཏོར་མང་པོ་བྱས་ནས་ཉུང་མཐར་ཡང་མི་སོ་ལྔ་བསད།
2024.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་ཚེས5ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དབུས་རྒྱུད་དུ་འགས་གཏོར་མང་པོ་བྱས་ནས་ཉུང་མཐར་ཡང་མི་སོ་ལྔ་བསད་པ་དང་མི་དྲུག་ཅུ་རྨས།

སྨྱན་བྱད་ཀྱིས་ཅཱ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཨ་ཁི་སཱ་སྨན་ཁང་གི་མགྲིན་ཚབ་པའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་སྨན་ཁང་དེས་ཉུང་མཐར་ཡང་འདས་པོ་སོ་ལྔ་དང་རྨས་མ་དྲུག་ཅུ་དང་ལེན་བྱས་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་གྲོང་ཁྱེར་ཏེ་ཨར་པའེ་ལཱ་ཧི་རུ་ཉིན་དེར་འབར་གས་ཀྱི་སྒྲ་ཐེངས་མང་ཐོས་ཐུབ་པར་མ་ཟད། གྲོང་ཁྱེར་དེའི་མཁའ་དབྱིངས་སུ་དུད་སྤྲིན་སྟུག་པོ་འཕྱུར་བཞིན་ཡོད་ཟེར།

གཞན་ཡང་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ཅཱ་ཧྲའི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་ཟི་ཡི་ས་ཆ་མང་པོར་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་བརྒྱད་བསད།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས5ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་གིས་འདས་ཟིན་པའི་དུས་ཚོད་ཉེར་བཞིའི་རིང་ལ། ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས། མི་བརྒྱ་དང་རེ་གཉིས་བསད་པ་དང་མི་ཉིས་བརྒྱ་དང་གོ་དྲུག་རྨས། 2023ལོའི་ཟླ10ཚེས་7ཉིན། སྐབས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དམག་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། མི་ཁྲི་གཉིས་དང་སྟོང་གཉིས་དྲུག་བརྒྱ་བསད་པ་དང་མི་ཁྲི་ལྔ་སྟོང་བདུན་ལྷག་རྨས།

བན་དེ་སྐྱབས་ཀྱིས་བསྒྱུར།