འཇར་པན་ཧྲི་ཁྲོན་རྫོང་གིས་ཚེས་དྲུག་ཉིན་བསྒྲགས་པའི་བསྡོམས་རྩིས་གཞི་གྲངས་གསར་པ་ལྟར་ན། ས་དེའི་དུས་ཚོད་བཅུ་བདུན་བར་དུ། ནུན་ཏིན་ཕྱེད་གླིང་གི་ས་ཡོམ་ལས་རྫོང་དེའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་ཉེར་དྲུག་ལ་འཕར་བ་དང་། གཞན་ཡང་མི་ཉིས་བརྒྱ་དང་བཅུ་གར་སོང་རྙེད་མེད།
གཞི་གྲངས་ལས་མངོན་པ་ལྟར་ན། གནོད་ཐེབས་ཚད་ཆེ་བའི་ལོན་ཏའོ་གྲོང་ཁྱེར་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་སོ་སོར་མི་རེ་དགུ་དང་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད། མིག་སྔར། རྫོང་དེར་ཉུང་མཐར་ཡང་མི་ལྔ་བརྒྱ་དང་བཅུ་དྲུག་ལ་ས་ཡོམ་ལས་རྨས་ཕོག་ཡོད།
འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེར་རང་སྲུང་རུ་ཁག་གི་རོགས་སྐྱོབ་མི་སྣ་ལྔ་སྟོང་བཞི་བརྒྱས་ཉེན་རྟོག་ཕྱོགས་དང་མེ་འགོག་མེ་གསོད་མི་སྣ་དང་མཉམ་དུ་འཚོལ་སྐྱོབ་བྱ་བ་སྤེལ་བཞིན་ཡོད། གནོད་ཐེབས་ཁུལ་དུ་བསྟུད་མར་ཆར་བབས་པས། རོགས་སྐྱོབ་འགུལ་སྐྱོད་གནས་སྐབས་སུ་མཚམས་འཇོག་དགོས་བྱུང་།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཉིན་དེར་རོགས་སྐྱོབ་ཕྱོགས་ཁག་སོ་སོས་ཡང་བསྐྱར་གནོད་འཚེ་འབྱུང་བར་འགོག་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གླ་ཆོག་པ་དང་བཀོལ་ཆོག་པའི་ས་གནས་མགྲོན་ཁང་སོགས་གནས་སྐབས་ཀྱི་ཉེན་ཡོལ་བྱེད་སར་བྱེད་དགོས་པ་དང་། རི་ཉུལ་བ་ལས་གནོད་སྐྱོན་ཐེབས་པའི་རྒྱལ་ལམ249ཞིག་གསོ་བྱས་ནས་གནོད་ཁུལ་དུ་བསྐྱོད་པའི་སྐྱེལ་འདྲེན་ལམ་ཐིག་གཙོ་བོ་ཤར་བགྲོད་ཐུབ་པར་བྱེད་དགོས་ཞེས་བསྟན། ཁོས་གནོད་རྗེས་བསྐྱར་འཛུགས་ཐད་མཁོ་བའི་རླངས་འཁོར་སྔོན་ལ་བགྲོད་དུ་འཇུག་དགོས་པ་དང་། རྒྱལ་དམངས་དག་གིས་རླངས་འཁོར་སྐོར་ནས་གནོད་ཁུལ་དུ་འགྲོ་བ་གང་ནུས་ཀྱིས་ཇེ་ཉུང་དུ་གཏོང་བར་འབོད་སྐུལ་གཏོང་དགོས་ཞེས་བསྟན།
ཟླ་དང་པོའི་ཚེས་གཅིག་ཉིན། འཇར་པན་ཧྲི་ཁྲོན་རྫོང་ནུན་ཏིན་ཕྱེད་གླིང་དུ་ཚད་རིམ7.6གི་ས་ཡོམ་བྱུང་བར་མ་ཟད་དེས་རྒྱ་མཚོ་འཕྱུར་བར་བྱས། འཇར་པན་གནམ་གཤིས་ཅུའུ་ཡིས་ཐེངས་འདིའི་ས་ཡོམ་ལ་ནུན་ཏིན་ཕྱེད་གླིང་གི་ས་ཡོམ་ཞེས་མིང་བཏགས་པ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།