མོ་ཞི་ཁོ་བྱང་ཕྱོགས་ཀྱི་ཁུ་ཨ་ཝེ་ལཱ་མངའ་སྡེའི་དམངས་སྲུང་སྡེ་ཁག་དང་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་ལྔ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། གནམ་གྲུ་ཆུང་བ་ཞིག་ཉིན་དེར་མངའ་སྡེ་དེ་རུ་སར་ལྷུང་ནས་གནམ་གྲུའི་སྟེང་གི་མི་བཞི་རྐྱེན་ལམ་དུ་ཤོར།
གོང་གསལ་སྡེ་ཁག་གི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ས་དེའི་དུས་ཚོད་ཚེས་ལྔ་ཉིན་གྱི་ཕྱི་དྲོར། གནམ་གྲུ་དེ་མོ་ཞི་ཁོའི་བྱང་ཤར་ཕྱོགས་ཀྱི་ཐཱ་མོ་ལིས་ཕཱ་སི་མངའ་སྡེ་ནས་ཁུ་ཨ་ཝེ་ལཱ་མངའ་སྡེར་འཕུར་ནས། ཁུ་ཨ་ཝེ་ལཱ་མངའ་སྡེའི་ལཱ་མོ་སི་ཨ་ལིས་སི་ཕའེ་གྲོང་ཁྱེར་གྱི་གནམ་གྲུ་ཐང་དུ་འབབ་སྐབས་ཚོད་འཛིན་བྱེད་ཐབས་བྲལ་ནས་སར་ལྷུང་།
ཐོག་མའི་བརྟག་དཔྱད་སྙན་ཞུ་ལས་མངོན་པ་ལྟར་ན། དོན་རྐྱེན་གྱི་འབྱུང་རྐྱེན་ནི་འབར་རྫས་མ་འདང་བའམ་ཡང་ན་དྲག་རླུང་གི་ཤུགས་རྐྱེན་ཐེབས་ཏེ་གནམ་གྲུར་ཚོད་འཛིན་བྱེད་དཀའ་བར་གྱུར་བ་ཡིན་སྲིད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།