ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས6ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་ནས་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གཉིས་བསད་པ་དང་མི་བཅུ་བཞི་རྨས།
ཁཱ་པུའུ་ཨར་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཧ་ལིས་ཏི·ཀྲ་ཏི་ལན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཉིན་དེའི་དགོང་མོར་ཁཱ་པུའུ་ཨར་གྱི་ཉེན་རྟོག་པའི་ཁུལ་དྲུག་པ་རུ་འགས་གཏོར་བྱུང་ནས། མིག་སྔར་ཉུང་མཐར་ཡང་མི་གཉིས་བསད་པ་དང་མི་བཅུ་བཞི་རྨས་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་ནས་འགས་གཏོར་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱས་པ་དང་། རྨས་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་དོན་རྐྱེན་འདི་བཟོས་པར་ཁས་ལེན་བྱས་མེད།
ཉེ་དུས་ཨ་ཧྥུའུ་ཧན་གྱི་ས་གནས་སོ་སོར་འགས་གཏོར་དོན་རྐྱེན་བསྟུད་མུར་འབྱུང་བཞིན་ཡོད། ཐལ་སྤྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱིས་ཨ་ཧྥུའུ་ཧན་གྱི་སློབ་གྲྭ་དང་དབྱི་སི་ལན་ཆོས་ཁང་། སྤྱི་སྤྱོད་རླངས་འཁོར་བཅས་དམིགས་འབེན་དུ་བཟུང་ནས་འཇབ་རྒོལ་ཐེངས་མང་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།