ཨུན་ཚའེ་ཡང་བསྐྱར་མ་ཏ་ཀ་སི་ཁའི་ཙུང་ལི་ལ་བསྐོ་འཇོག་བྱས།
2024.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མ་ཏ་ཀ་སི་ཁའི་ཙུང་ཐུང་ལཱ་ཆའོ་ལི་ནཱ་ཡིས་ཚེས་བཞི་ཉིན་རྒྱལ་ས་ཐཱ་ན་ནཱ་ལི་ཧྥོ་རུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཁུ་ལི་སི་ཏི་ཨན་ཨུན་ཚའེ་ཙུང་ལི་ལ་བསྐོ་འཇོག་བྱེད་རྒྱུ་མ་ཟད་སྲིད་གཞུང་བསྐྱར་སྒྲིག་བྱ་རྒྱུའི་མངག་བཅོལ་གནང་ཡོད་ཟེར།

ལཱ་ཆའོ་ལི་ནཱ་ཡིས་མང་ཚོགས་ཀྱིས་སྐབས་གསར་པའི་སྲིད་གཞུང་གིས་མགྱོགས་མྱུར་དང་དངོས་ཡོད་ཀྱི་གྲུབ་འབྲས་ལེན་པར་རེ་སྒུག་བྱས་ཡོད་པས།    ཙུང་ལི་ཡི་ཕྲག་སྟེང་དུ་རྒྱལ་ཁབ་ཀྱིས་རུལ་སུངས་ལ་རྒོལ་བ་དང་དབུལ་ཐར་སོགས་ཕྱོགས་ནས་གྲུབ་འབྲས་ལེན་པར་ཡར་སྐུལ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད་ཅེས་བསྟན།

ལཱ་ཆའོ་ལི་ནཱ་ཡིས་དུས་མཉམ་དུ་ད་རུང་སྲིད་གཞུང་གསར་པའི་ནང་བློན་ཁང་འཛུགས་པའི་གོ་རིམ་ཚེས་ལྔ་ཉིན་དངོས་སུ་འགོ་རྩོམ་རྒྱུ་ཡིན་པ་དང་།   ཨུན་ཚའེ་ཡིས་སྲིད་གཞུང་གསར་པའི་ཁོངས་མིའི་མིང་ཐོའི་ཐད་བསམ་འཆར་འདོན་དགོས་པ་དང་།   སྲིད་གཞུང་གི་ཁོངས་མི་རྣམས་འདེམ་གསེས་བྱས་ནས་གདམ་ཐོན་འབྱུང་དགོས་ཟེར།

ཨུན་ཚའེ་ཡིས2018ལོའི་ཟླ6པའི་ནང་ཐོག་མར་མ་ཏ་ཀ་སི་ཁའི་ཙུང་ལིའི་འགན་ཁུར་བ་དང་།  དེའི་རྗེས་སུ་ཡང་བསྐྱར་ཐེངས་མང་པོར་ཙུང་ལིའི་འགན་ཁུར་བ་རེད།

མ་ཏ་ཀ་སི་ཁས་2023ལོའི་ཟླ11པའི་ཚེས16ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་གསར་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་།   སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཆའོ་ལི་ནཱ་ལ་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་དགུ་དྲུག་གི་འདེམ་ཤོག་ཐོབ་སྟེ་ཡང་བསྐྱར་ཙུང་ཐུང་ལ་བདམས་པ་རེད།    རྒྱུན་སྲོལ་ལྟར་ན།    ཙུང་ཐུང་གསར་པས་འགན་ཁུར་རྗེས་ཙུང་ལི་གསར་པ་བསྐོ་འཇོག་བྱེད་དགོས་པ་དང་སྲིད་གཞུང་བསྐྱར་སྒྲིག་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།