འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་ཀིན་ཐེན་ནས་ཡོང་བའི་སེ་ལེ་སི་ཐི་ཧྲའོ་ལའོ་ཡིས2024ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བ་དང་། ཁོ་མོ་རྩ་འཛུགས་དེའི་བུད་མེད་དྲུང་ཡིག་ཆེན་མོ་ཐོག་མ་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་ནས་ཡོང་བའི་དྲུང་ཡིག་ཆེན་མོ་ཐོག་མར་གྱུར།
ཧྲའོ་ལའོ་ཡིས2014ལོ་ནས་བཟུང་ཨ་ཀིན་ཐེན་རྒྱལ་ཁབ་གནམ་གཤིས་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་བར་མ་ཟད། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་ཁུར་མྱོང་། 2023ལོའི་ཟླ་དྲུག་པར། ཁོ་མོ་ལོ་བཞིར་ཐེངས་གཅིག་གི་འཛམ་གླིང་གནམ་གཤིས་ཚོགས་ཆེན་སྟེང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་སྐབས་གསར་པའི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས།
སྤྱི་བསྒྲགས་ཁྲོད་བཤད་རྒྱུར། ཧྲའོ་ལའོ་ཡིས་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་རེ་འདུན་མངོན་འགྱུར་བྱེད་པར་མཛུབ་སྟོན་བྱས་ནས། རྒྱལ་ཁབ་ཚང་མ་དང་ལྷག་པར་དུ་ཆེས་ཉམས་ཞན་གྱི་རྒྱལ་ཁབ་ཀྱིས་གནམ་གཤིས་ངན་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ཁོར་ཡུག་གི་དོན་རྐྱེན་གཞན་པར་ཁ་གཏད་འཇལ་ཐུབ་པར་བྱ་རྒྱུ་རེད། ཁོ་མོས་ད་རུང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚན་རིག་གི་གྲུབ་འབྲས་དེ་སྤྱི་ཚོགས་ཀྱི་ཆེས་བཟང་བོའི་ཞབས་ཞུ་རུ་བསྒྱུར་བར་ཤུགས་འདོན་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།
གནམ་གཤིས་འགྱུར་ལྡོག་ནི་ང་ཚོའི་དུས་རབས་འདིའི་ཆེས་ཆེས་བའི་འཛམ་གླིང་ཧྲིལ་བོའི་འཇིགས་ཉེན་ཡིན་པ་དང་། ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་འདྲ་མཉམ་མིན་པའི་སྣང་ཚུལ་གྱིས་དེའི་ཤུགས་རྐྱེན་ཇེ་དྲག་ཏུ་བཏང་ཡོད། སྤྱི་བསྒྲགས་ཁྲོད་ཧྲའོ་ལའོ་ཡི་སྐད་ཆ་དྲངས་པ་ལྟར་ན། ང་འཛམ་གླིང་གི་ལྷོ་ཕྱོགས་ནས་ཡོང་བ་དང་། ང་ལ་དོན་དག་མང་པོ་བསྒྲུབ་ནས་ཆེས་ཉམས་ཞན་གྱི་ཚོགས་སྤྱིའི་དགོས་མཁོར་སྔོན་ལ་བསམ་བློ་གཏོང་དགོས་པའི་འདུ་ཤེས་དྲག་པོ་ཡོད་ཟེར།
ཧྲའོ་ལའོ་ཡིས་ཁོ་མོའི་ཐོག་མའི་ལས་དོན་ནི་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཁུལ་ཁོངས་རིམ་པའི་བྱ་བ་ཇེ་དྲག་ཏུ་བཏང་སྟེ་རྒྱལ་ཁབ་སོ་སོས་རྒྱལ་ཁབ་གནམ་གཤིས་དང་ཆུ་གཞུང་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བར་རོགས་བྱེད་རྒྱུ་དེ་ཡིན་ཞེས་བསྟན།
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་སྐབས་སྔོན་མའི་དྲུང་ཡིག་ཆེན་མོ་ཕི་ཏི་ལི་ཐཱ་ལ་སི་ནི་ཧྥིན་ལན་ནས་ཡོང་བ་དང་།2023ལོའི་ལོ་མཇུག་ཏུ་ཁོའི་འགན་ཡུན་མཇུག་སྒྲིལ་བ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།