རྒྱ་གར་སྨྱན་བྱད་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་གྱི་མི་བཅོ་ལྔ་དྲུད་པའི་གྲུ་གཟིངས་ཤིག་སོ་མཱ་ལི་ཉེ་འཁོར་གྱི་མཚོ་ཁོངས་སུ་བཙན་ཁྲིད་བྱས་པ་དང་། རྒྱ་གར་གྱི་དམག་གྲུ་ཞིག་དོན་རྐྱེན་བྱུང་སར་སོང་ནས་རོགས་སྐྱོབ་བྱེད་བཞིན་ཡོད།
རྒྱ་གར་ཨེ་ཤ་ཡའི་གསར་འགྱུར་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱ་གར་དམག་ཕྱོགས་ལ་ཚེས་བཞི་ཉིན་གྱི་དགོང་མོར་གནས་ཚུལ་འབྱོར་བ་ལྟར་ན། ལི་པེ་རི་ཡའི་རྒྱལ་དར་བཀལ་ཡོད་པའི་གྲུ་གཟིངས་དེ་བཙན་ཁྲིད་བྱས་ཟེར། བརྡ་འཕྲིན་ཁྲོད་རྒྱ་གར་དམག་ཕྱོགས་ཀྱི་མི་སྣ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། བཙན་ཁྲིད་བྱས་པའི་གྲུ་གཟིངས་སྟེང་དུ་རྒྱ་གར་གྱི་མི་བཅོ་ལྔ་ཡོད་པ་དང། རྒྱ་གར་དམག་ཕྱོགས་ཀྱིས་དོན་རྐྱེན་དེར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། དམག་གྲུ་ཞིག་མངག་དོན་རྐྱེན་བྱུང་སར་མངག་ཡོད་ཟེར།
དམག་ཕྱོགས་ཀྱི་མི་སྣ་དེས་བཤད་རྒྱུར། ད་ལྟ་བཙན་ཁྲིད་བྱས་པའི་མི་སྣ་དང་འབྲེལ་གཏུག་བྱེད་ཐུབ་ཡོད་པ་དང་། དེས་བཙན་ཁྲིད་བྱས་པའི་གྲུ་གཟིངས་གི་གནས་ཚུལ་གསར་པར་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་ཡོད།
མིག་སྔར་རྩ་འཛུགས་གང་གིས་ཐེངས་འདིའི་བཙན་ཁྲིད་འགུལ་སྐྱོད་སྤེལ་བ་གསལ་བོར་མི་ཤེས།
ལྷ་མོ་ཚེ་རིང་གིས་བསྒྱུར།