ཁ་ཐར་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུར་ཅིས་ཀྱང་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཟེར།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ1པའི་ཚེས7ཉིན། ཁ་ཐར་རྒྱལ་ཁབ་ཀྱི་གཙོ་འཛིན་ཐཱ་མིས་མུའུ་ཡིས། ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུར་ཅིས་ཀྱང་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ས་ཁུལ་བརྟན་བརླིང་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ཁ་ཐར་གྱི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཐཱ་མིས་མུའུ་ཡིས་འཚམས་འདྲིར་ཕེབས་པའི་ཨ་རིའི་རྒྱལ་སྲིད་བློན་ཆེན་པུའུ་ལེན་ཁུན་དང་ཐུག་འཕྲད་བྱེད་སྐབས། ཅཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུར་ཅིས་ཀྱང་སྐུལ་འདེད་གང་མགྱོགས་བཏང་ནས། མི་སེར་ལ་སྲུང་སྐྱོང་བྱེད་དགོས་པར་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་ས་ཁོངས་ཧྲིལ་བོར་འདང་ངེས་དང་རྒྱུན་མཐུད་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཏེ། མིག་སྔའི་གནས་བབ་ཞི་ལྷོད་དུ་གཏོང་གང་ཐུབ་བྱས་ནས། ས་ཁུལ་བརྟན་བརླིང་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།

ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་པ་མུའུ་ཧན་མའོ་ཏི་ཡིས་ཉིན་དེར་པུའུ་ལེན་ཁུན་དང་མཉམ་དུ་བསྡུས་པའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སིའི)མཐོ་རིམ་མགོ་ཁྲིད་པ་གཅིག་ཉིན་ཤས་སྔོན་བསད་པའི་དབང་གིས། ཁ་ཐར་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འདུམ་འགྲིག་ཡོང་བར་འབད་ཀྱིན་པའི་གནས་སྟངས་ལ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་ནའང་། ཁ་ཐར་གྱིས་མུ་མཐུད་འདུམ་འགྲིག་ཡོང་བར་རྩེ་གཅིག་ཏུ་འབད་རྒྱུ་ཡིན་ཟེར། ཁོས་ཧུང་ཧའེ་ཆུ་ཁོངས་སུ་སྤེལ་གྱིན་པའི་ཕན་ཚུན་དགྲ་འཛིན་གྱི་བྱ་སྤྱོད་མཐའ་དག་ནི། “དང་ལེན་བྱེད་ཐབས་བྲལ་བའི”བྱ་སྤྱོད་ཅིག་རེད། དེས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་ལ་མཇུག་འབྲས་ངན་པ་བཟོ་སྲིད་ཟེར།

པུའུ་ལིན་ཁུན་གྱིས་ཕ་ལེ་སི་ཐན་གྱི་མི་སེར་རྣམས་ངེས་པར་དུ་རང་གི་ཁྱིམ་གཞིས་སུ་ཕྱིར་ལོག་ཆོག་པའི་ཆོག་མཆན་ཐོབ་དགོས་པ་ལས་བཙན་ཤེད་ངང་ཅཱ་ཧྲ་ས་ཁུལ་ནས་ཁ་བྲལ་དུ་བཅུག་ན་མི་འགྲིག་ཟེར།

པུའུ་ལིན་ཁུན་གྱིས་དབུས་ཤར་གྱི་རྒྱལ་ཁབ་མང་པོར་འཚམས་འདྲི་བྱེད་བཞིན་ཡོད། ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས6ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། 2023ལོའི་ཟླ10ཚེས7ཉིན་སྐབས་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དམག་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། མི་ཁྲི་གཉིས་དང་སྟོང་གཉིས་བདུན་ལྷག་བསད་པ་དང་མི་ཁྲི་ལྔ་དང་སྟོང་བརྒྱད་ལྷག་རྨས།

བན་དེ་སྐྱབས་ཀྱིས་བསྒྱུར།