དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་དྲུག་བསད།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་དྲུག་བསད་ཟེར།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཚེས་དྲུག་ཉིན་གྱི་ནམ་གུང་ཅེ་ཉིང་དུ་ཡོང་ནས་དམག་དོན་འགུལ་སྐྱོད་སྤེལ་བར་མ་ཟད། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱུང་། དབྱི་སི་རལ་གྱི་དམག་དཔུང་གིས་འཁྲུག་རྩོད་བྱེད་སྐབས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་བར་སྣང་འཇབ་རྒོལ་བྱས་པ་དང་། ཡུལ་དངོས་ནས་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་ཐུབ་ཟེར།

གཞན་ཡང་དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་དུ་འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་སྤེལ་སྐབས། ལམ་འགྲམ་དུ་སྦས་ཡོད་པའི་འགད་རྫས་འགས་གཏོར་བྱུང་ནས། ཉུང་མཐར་ཡང་དབྱི་སི་རལ་གྱི་དམག་མི་བཞིར་རྨས་ཕོག་པ་དང་། དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།