དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི་གྱ་གཉིས་རྐྱེན་ལམ་དུ་ཤོར།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་དང་ལཱ་ཧྥ་གྲོང་ཁྱེར་སོགས་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་བ་དང་། མིག་སྔར་ཉུང་མཐར་ཡང་མི་གྱ་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

བསྒྲགས་པ་ལྟར་ན། ཧན་ཡུག་ནེ་སི་རུ་ཡོད་པའི་ནཱ་སེར་སྨན་ཁང་གིས་ཚེས་བདུན་ཉིན་གྱི་ཞོགས་པ་ནས་བཟུང་ཉུང་མཐར་ཡང་འདས་པོ་དོན་གཅིག་དང་ལེན་བྱས་པ་དང་། གཞན་ཡང་རྨས་མ་བཅུ་ཕྲག་འགའ་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ལཱ་ཧྥ་བྱང་ངོས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཧཱ་ལའེ་ཝེ་ཡིས་ཚེས་བདུན་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་བཀོད་སྒྲིག་བྱས་ཡོད་པའི་དབྱི་སི་རལ་གྱི་དམག་དཔུང་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། མིག་སྔར་ད་རུང་དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་དེ་ཅི་ཙམ་འགོར་བ་ཁ་ཚོན་གཅོད་ཐབས་མེད་ཀྱང་། གཏན་འཁེལ་བྱས་ཆོག་པ་ནི་ཉིས་སྟོང་ཉེར་བཞི་ལོ་ཧྲིལ་བོར་ང་ཚོས་ཅ་ཧྲ་ས་ཁུལ་ནས་འཐབ་འཁྲུག་བྱེད་ངེས་ཡིན་ཟེར།

ཁོས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་ཕམ་ཉེས་ཆེན་པོ་བཟོ་བཞིན་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་སི་རལ་བྱང་ངོས་ཀྱི་སྡོད་དམངས་དག་བདེ་འཇགས་ངང་རང་ཁྱིམ་དུ་ལོག་ཏུ་འཇུག་པའི་འོས་འགན་ཡོད་པས། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཀྲིན་ཀྲུའུ་ཏང་ལ་དམག་དོན་གནོན་ཤུགས་སྟེར་རྒྱུ་མ་ཟད། ཐ་ན་ཀྲིན་ཀྲུའུ་ཏང་བར་འཁྲུག་རྩོད་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།