བྷང་ག་ལཱའི་རྒྱལ་དམངས་གྲོས་ཁང་གིས་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཚེས་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་མགོ་བརྩམས་པ་དང་། བསྡོམས་པས་འདེམ་སྒུག་མི་སྣ་སྟོང་གཅིག་དང་དགུ་བརྒྱ་བདུན་ཅུ་ཡིས་གྲོས་ཁང་གི་ལས་གནས་སུམ་བརྒྱའི་ཁྲོད་ཀྱི་ཉིས་བརྒྱ་དང་གོ་དགུར་འགྲན་རྩོད་བྱས།
བྷང་ག་ལཱའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལས་མངོན་པ་ལྟར་ན། བྷང་ག་ལཱ་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་འདེམ་དམངས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཡོད་པ་དང་། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་འདེམ་ཤོག་འཕེན་ས་ཁྲི་བཞི་དང་སྟོང་གཉིས་ལྷག་བཀོད་སྒྲིག་བྱས་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་སྤེལ་བ་དང་། དེའི་རྗེས་སུ་མྱུར་མོར་འདེམ་ཤོག་རྩིས་ལེན་བྱ་བ་མགོ་བརྩམས་པ་རེད།
བྷང་ག་ལཱའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་ཁྱབ་བསྒྲགས་བྱས་པ་ལྟར་ན། འདེམ་ཁུལ་གཅིག་གི་འདེམ་སྒུག་པ་ཚེ་ལས་འདས་པའི་རྐྱེན་གྱིས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཞིར་བཟུང་སྟེ། འདེམ་ཁུལ་དེའི་འདེམ་བསྐོའི་བྱ་བ་གནས་སྐབས་སུ་མཚམས་བཞག་པ་དང་། སྟོང་བར་ལུས་པའི་གྲོས་མིའི་ལས་གནས་དེ་རྗེས་ནས་ཁ་གསབ་བྱེད་རྒྱུ་ཡིན་ཟེར།
བྷང་ག་ལཱའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་ཐད་ཀར་དུ་འདེམ་བསྐོ་བྱེད་པའི་ཐབས་ཀྱིས་ཁོངས་གཏོགས་འདེམ་ཁུལ་ནས་གདམ་པ་ཡིན་ལ། གྲོས་མི་ནི་མི་སྒེར་དང་ཡང་ན་སྲིད་ཏང་གང་རུང་གི་ཡིན་ཆོག་པ་དང་། འགན་ཡུན་ལོ་ངོ་ལྔ་ཡིན་པར་མ་ཟད། ཐེངས་མང་བོར་བསྟུད་འགན་ཁུར་ཆོག་པ་ཡིན། གལ་ཏེ་སྲིད་ཏང་གཅིག་ལ་ཐོབ་པའི་གྲོས་མིའི་ལས་འགན་གྲོས་ཁང་གི་ལས་གནས་སུམ་བརྒྱའི་ཕྱེད་ཀ་ལས་བརྒལ་ན་ཁ་གྲངས་མང་བའི་ཏང་ཁག་ཏུ་འགྱུར་སྲིད་པ་དང་། སྲིད་གཞུང་རྩ་འཛུགས་བྱས་ནས་ཙུང་ལི་བསྐོ་འཇོག་བྱས་ཆོག་པ་རེད། བྷང་ག་ལཱའི་ད་ལྟའི་ཙུང་ལི། མི་དམངས་མནའ་འབྲེལ་གྱི་ཀྲུའུ་ཞི་ཧཱ་ཞི་ནཱ་ཡིས་ཐེངས་བཞི་བའི་ཙུང་ལིའི་འགན་ཡུན་ཐོབ་པར་བརྩོན་ལེན་ཆེན་པོ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།