ཁྲའོ་ཞན་གྱི་མཚོ་འགྲམ་འགོག་སྲུང་དམག་དཔུང་གིས་མདེལ་དངོས་མ་གཏོང་འཕེན་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཁྲའོ་ཞན་མི་དམངས་དམག་དཔུང་གི་ལྷོ་ནུབ་མཚོ་འགྲམ་འགོག་སྲུང་དམག་དཔུང་གིས་ཉིན་དེར་ལྷོ་ནུབ་མཚོ་ཁོངས་ཀྱི་དམིགས་འབེན་ས་ཁུལ་བཞི་ནས་མདེལ་དངོས་མ་གཏོང་འཕེན་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར།

ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་བཤད་རྒྱུར། སྦྱོང་བརྡར་དེའི་སྟེང་མཚོ་འགྲམ་གྱི་མེ་སྒྱོགས་ཉེར་གསུམ་བཀོལ་ནས་སྒྱོགས་མདེལ་གྱ་བརྒྱད་གཏོང་འཕེན་བྱས་པ་དང་། གཏོང་འཕེན་བྱེད་སའི་ཁ་ཕྱོགས་ཐད་ནས་བཤད་ན། ཐེངས་འདིར་གཏོང་འཕེན་བྱེད་ས་དེ་དམག་དོན་གྱི་རྒྱལ་མཚམས་དང་འབྲེལ་བ་མེད་ལ། དགྲར་འཛིན་རྒྱལ་ཁབ་ལའང་འཇིགས་ཉེན་ཅི་ཡང་བཟོས་མེད་ཟེར།

ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ད་རུང་བཤད་རྒྱུར། ཐེངས་འདིའི་སྦྱོང་བརྡར་ནི་ཁྲའོ་ཞན་དམག་ཕྱོགས་ཀྱི་རྒྱུན་ལྡན་སྦྱོང་བརྡར་ཁྱབ་ཁོངས་སུ་གཏོགས་པ་དང་། འཆར་གཞི་ལྟར་སྤེལ་བ་ཡིན་ཟེར།

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་བདུན་ཉིན་ཁྲའོ་ཞན་ལ་ཉེན་བརྡ་བཏང་སྟེ། ཁྲའོ་ཞན་གྱིས་སྒྱོགས་མདེལ་གཏོང་འཕེན་བྱེད་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།