ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱུས་ཚེས་བདུན་ཉིན་གཏམ་བཤད་སྤེལ་ཏེ། ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་དམག་དཔུང་གི་འགྲོ་འདུག་ལ་ནོར་འཆུག་དང་འོལ་ཚོད་ཀྱིས་ཚོད་དཔག་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཡན་ཕེན་ཏའོ་ནུབ་བྱང་ཕྱོགས་སུ་སྒྱོགས་མདེལ་གཏོང་འཕེན་བྱས་པ་དང་། སྒྱོགས་མདེལ་དེ་ནུབ་ཕྱོགས་མཚོ་ཁོངས་ཀྱི་བྱང་ཕྱོགས་རྒྱལ་མཚམས་བྱང་ངོས་ཀྱི་མཚོ་ཐོག་གི་ཞི་འཇགས་ས་ཁུལ་དུ་ལྷུང་བ་རེད་ཟེར། དོན་དེའི་ཐད་ནས་ཅིན་ཡུས་ཀྲིན་གྱིས་གཏམ་བཤད་སྤེལ་སྐབས། ཁྲའོ་ཞན་གྱི་དམག་དཔུང་གིས་མཚོ་འགྲམ་མེ་སྒྱོགས་ཀྱི་སྒྲར་ལད་མོ་བྱས་པའི་འགད་རྫས་འགས་གཏོར་བཏང་བ་ཡིན་ལ། ཁྲའོ་ཞན་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་ཧན་གོའི་རྣམ་འགྱུར་ལ་བལྟ་ཆེད་ཡིན་ཟེར།
ཅིན་ཡུས་ཀྲིན་གྱིས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་འགད་རྫས་ཀྱི་འགས་གཏོར་སྒྲ་དེ་མེ་སྒྱོགས་ཀྱི་སྒྲར་འཕྲུལ་ནས། མེ་སྒྱོགས་བཏང་ནས་དཀྲུག་འཕེན་བྱེད་བཞིན་ཡོད་པར་བསམ་བཞིན་ཡོད་པར་མ་ཟད། སྒྱོགས་མདེལ་འཕེན་ས་དེ་ནུབ་ཕྱོགས་མཚོ་ཁོངས་ཀྱི་བྱང་ཕྱོགས་རྒྱལ་མཚམས་བྱང་ངོས་ཀྱི་མཚོ་ཐོག་གི་ཞི་འཇགས་ས་ཁུལ་ཡིན་པའི་རྫུན་བཤད་པ་རེད་ཟེར།
ཅིན་ཡུས་ཀྲིན་གྱིས་ད་རུང་ཉེན་བརྡ་བཏང་སྟེ། ཧན་གོ་ཕྱོགས་ཀྱིས་དཀྲུག་འཕེན་གྱི་བྱ་སྤྱོད་ཆུང་ངུ་རེ་སྤེལ་ཡང་། ཁྲའོ་ཞན་དམག་དཔུང་གིས་མྱུར་མོར་མེ་སྒྱོགས་བཀོལ་ནས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
གཞན་ཡང་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བསྟན་དོན། ཅིན་ཡུས་ཀྲིན་གྱིས་བཤད་པའི་གོང་གི་སྐད་ཆ་དེ་ནི་ཧན་གོའི་འཚོལ་བཤེར་ནུས་པར་དམའ་འབེབས་བྱས་པ་ཡིན་ཟེར། ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བཤད་རྒྱུར། གལ་ཏེ་ཁྲའོ་ཞན་གྱིས་ཧན་གོའི་མངའ་ཁོངས་དང་རྒྱལ་དམངས་བདེ་འཇགས་ཐད་དཀྲུག་འཕེན་བྱས་ན། ཧན་གོའི་དམག་དཔུང་གིས་མྱུར་དུ་རྒོལ་ལན་དྲག་པོ་སྤྲོད་པའི་རྩ་དོན་ལྟར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ནུབ་ཕྱོགས་མཚོ་ཁོངས་ཀྱི་རྒྱལ་མཚམས་ཐད་རྒྱུན་པར་འགལ་བ་ཡོད། ཧན་གོའི་ཕྱོགས་ཀྱིས་ཡན་ཕེན་གླིང་ཕྲན་དང་བཅས་པའི་ནུབ་ཕྱོགས་མཚོ་ཁོངས་ཀྱི་གླིང་ཕྲན་ལྔ་བོ་དང་ཁྲའོ་ཞན་གྱི་ནུབ་ཕྱོགས་མཚོ་འགྲམ་བར་བྱང་ཕྱོགས་རྒྱལ་མཚམས་ཞེས་པའི་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་གི་རྒྱལ་མཚམས་གཏན་འཁེལ་བྱས་ཡོད་ལ། དོན་དེར་ཁྲའོ་ཞན་ཕྱོགས་ཀྱིས་ཁས་ལེན་བྱེད་ཀྱིན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།