ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་དམག་དཔུང་གིས་འཕུར་མདའི་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་པའི་ཚུལ་བསྟན།
2024.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་ཁི་ལེ་མེན་ཁི་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཁུའུ་ལེ་པཱ་གཉིས་ཀྱིས་ཚེས་བརྒྱད་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཏིས་ཉི་པའོ་ལོ་ཕིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ་དང་ཀྲ་པའོ་ལོ་རི་མངའ་སྡེ། ཧཱ་ཨར་ཁི་ཧྥུའུ་མངའ་སྡེ། ཧི་མཱེ་ལེ་ནེ་ཚི་ཅི་མངའ་སྡེ་བཅས་སུ་ཉིན་དེར་ཨུ་རུ་སིའི་དམག་དཔུང་གི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། ཉིན་གུང་བར་དུ་བར་སྣང་འཇབ་རྒོལ་ལས་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཉིན་དེའི་སྔ་དྲོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་བར་སྣང་འཇབ་རྒོལ་ཁྲོད་བསྡོམས་པས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འཕུར་མདའ་ང་གཅིག་གཏོང་འཕེན་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་དང་། དམངས་བཀོལ་དང་དམག་བཀོལ་གྱི་བཟོ་ལས་སྒྲིག་ཆས་བཅས་ལ་འཇབ་རྒོལ་ཐེབས་ཡོད་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་བསྟན་དོན། ཝུའུ་ཁི་ལན་གྱི་མཁའ་སྲུང་མེ་ཤུགས་ཀྱིས་འཕུར་མདའ་བཅོ་བརྒྱད་དང་ཚུར་རྒོལ་བྱེད་པའི་མི་བསྡད་མེད་པའི་གནམ་གྲུ་བརྒྱད་བཀག་ཡོད་ལ། འགོག་མ་ཐུབ་པའི་ཨུ་རུ་སིའི་འཕུར་མདའ་དག་ཀྱང་ཡོད་ཚད་དམིགས་འབེན་ལ་ཕོག་མེད་ཟེར།

གཞན་ཡང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པར་ཨུ་རུ་སིའི་དམག་དཔུང་གིས་རྒྱང་བསྟེན་རྒྱ་མཚོའི་རྟེན་གཞི་དང་བར་སྣང་རྟེན་གཞིའི་གནད་འཁེལ་མཚོན་ཆ་བཀོལ་སྤྱོད་བྱས་ཏེ། ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་ཀྱི་ཕྱོགས་བསྡུས་སྒྲིག་ཆས་ལ་གཅིག་བསྡུས་ཆམ་ཕབ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།