བྷང་ག་ལཱའི་སུའུ་མའོ་དབྱེ་བརྙན་འཕྲིན་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ད་ལྟའི་ཙུང་ལི་ཧཱ་ཞི་ནཱ་ཡིས་མགོ་ཁྲིད་པའི་སྲིད་འཛིན་ཏང་མི་དམངས་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་མངོན་གསལ་ཐོབ་ཡོད་པ་དང་། ཧཱ་ཞི་ནཱ་ཡིས་བསྟུད་མར་ཐེངས་བཞི་བར་སྲིད་གཞུང་ལ་མགོ་ཁྲིད་བྱེད་རྒྱུ་རེད་ཟེར།
བྷང་ག་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་དབུ་བཞུགས་འདེམ་བསྐོའི་ཆེད་དོན་པ་ཨ་ཝ་ལེ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཐོག་མའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཚེས་བདུན་ཉིན་སྤེལ་བའི་སྐབས་བཅུ་གཉིས་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད། མི་དམངས་མནའ་འབྲེལ་ལ་གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་ཉེར་གསུམ་ཐོབ་ཡོད་ཟེར།
སྐབས་འདིའི་འདེམ་བསྐོའི་ཁྲོད། བསྡོམས་པས་འདེམ་སྒུག་མི་སྣ་སྟོང་གཅིག་དང་དགུ་བརྒྱ་བདུན་ཅུ་ཡིས་གྲོས་ཁང་གི་ལས་གནས་སུམ་བརྒྱའི་ཁྲོད་ཀྱི་ཉིས་བརྒྱ་དང་གོ་དགུར་འགྲན་རྩོད་བྱེད་རྒྱུ་རེད། མིག་སྔར་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ལས་གནས་ཉིས་བརྒྱ་དང་གོ་བརྒྱད་ཀྱི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཡོད་ལ། འདེམ་ཁུལ་གཅིག་གི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་དུས་ཚོད་རྗེས་སུ་སྣུར་ཡོད་པ་རེད།
ཨ་ཝ་ལེ་ཡིས་བསྟན་དོན། ཐེངས་འདིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཚད་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་བརྒྱད་རེད་ཟེར།
བསྡོམས་རྩིས་བྱས་པ་ལྟ་རན། མིག་སྔར་མི་དམངས་མནའ་འབྲེལ་ལ་ཐོབ་པའི་ལས་གནས་ཀྱིས་རྒྱལ་དམངས་གྲོས་ཁང་གི་ལས་གནས་ཚང་མའི་བརྒྱ་ཆའི་དོན་ལྔ་ཟིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།