ཕཱ་ལེ་སི་ཐན་གྱི་ཅཱ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཨ་ཁི་སཱ་སྨན་ཁང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཉུང་མཐར་ཡང་ཤི་རྨས་ཐེབས་པའི་མི་བརྒྱ་དང་དོན་གཉིས་དང་ལེན་བྱས་པ་དང་། དེའི་ནང་འདས་པོ་དོན་གསུམ་ཡོད་ཟེར།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བདུན་ཉིན་གྱི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་དུ་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་བུད་མེད་དང་བྱིས་པ་འདུས་པའི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ཚེས་བདུན་ཉིན་གྱི་ནམ་གུང་ནས་བཟུང་། ས་ཁུལ་དེར་འགས་གཏོར་གྱི་སྒྲ་བར་མེད་དུ་གྲགས་བཞིན་ཡོད་པ་དང་འགས་གཏོར་གྱི་འོད་ཀྱིས་ནམ་མཁའ་གསལ་བར་བྱས་ཡོད་ཟེར།
གཞན་ཡང་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཚེས་བརྒྱད་ཉིན་ཧྭ་ཨར་སྲང་ལམ་ཉིན་རེའི་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་ཤུགས་ཚད་ཇེ་ཆུང་དུ་སོང་ཡོད་ཀྱང་། དུས་རིམ་རྗེས་མའི་འཁྲུག་རྩོད་དེ་དུས་ཡུན་རིང་བོ་འགོར་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།