ཟླ་དང་པོའི་ཚེས་བརྒྱད་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཨ་པུའུ་ཀྲ་པུས་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ངེས་པར་དུ་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུའུ་ཧན་མའོ་ཏི་ཡིས་ཉིན་དེར་ཨ་པུའུ་ཀྲ་པུས་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་དང་། དེ་མིན་ས་ཁོངས་ཀྱི་གཏན་འཇགས་མངོན་འགྱུར་བྱེད་ཆེད་ཞི་བདེའི་མདུན་ལྗོངས་འཚོལ་ཞིབ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
མུའུ་ཧན་མའོ་ཏི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་སྟེ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་། བཀག་རྒྱ་མེད་པར་ས་དེའི་སྡོད་དམངས་ལ་ཡུན་རིང་བདེ་འཇགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་པར་མ་ཟད། ཁོ་ཚོ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་པར་བཀག་འགོག་བྱེད་དགོས་ཟེར།
ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། འཁྲུག་རྩོད་རྒྱ་ཡན་དུ་སོང་ནས་ས་ཁུལ་ཧྲིལ་བོའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བར་སྔོན་འགོག་བྱེད་དགོས་པ་དང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་ས་ཁུལ་གྱི་གཏན་འཇགས་དང་ཕྱོགས་ཡོངས་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།