ཟླ་དང་པོའི་ཚེས་བརྒྱད་ཉིན། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་གཉིས་ཀྱིས་གྲོས་མོལ་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བརྒྱད་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་མིག་སྔའི་གནས་བབ་དང་། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་ནས་མུ་མཐུད་དུ་སྤེལ་བཞིན་པའི་འཁྲུག་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ནན་བཤད་བྱས་པ་དང་། ངེས་པར་དུ་བྱེད་ཐབས་གང་རུང་སྤྱད་དེ་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་བལྟས་ན། ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་དང་ཆབ་སྲིད། མི་ཆོས་རིང་ལུགས་ཀྱི་འགན་འཁྲི་ཁུར་དུ་བླངས་ན། ད་གཟོད་དྲང་བདེན་དང་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་ཐུབ་པར་འདོད། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་ཤིང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་སོགས་འདུས་ཡོད།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། ཕཱ་ལེ་སི་ཐན་གྱི་ལས་དོན་ལ་གནོད་སྐྱེལ་བའམ་ཡང་ན་རྣམ་པ་གང་རུང་ལ་བརྟེན་ནས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་ས་ཁོངས་ནས་མཐར་སྐྲོད་གཏོང་བའི་གཡོ་ཇུས་གང་རུང་དང་ལེན་མི་བྱེད་པ་གསལ་བོར་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།