པཱ་ཞིའི་བྱང་ཤར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།
2024.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ས་དེའི་དམངས་སྲུང་སྡེ་ཁག་གིས་ཚེས་བརྒྱད་ཉིན་ཁས་ལེན་བྱས་དོན། པཱ་ཞིའི་བྱང་ཤར་ཕྱོགས་ཀྱི་པཱ་དབྱེ་ཡཱ་མངའ་སྡེ་རུ་ཚེས་བདུན་ཉིན་གྱི་ནམ་གུང་དངོས་སྐྱེལ་རླངས་འཁོར་ཞིག་དང་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཡོད་ཟེར།

རྒུད་སྐྱོབ་ཀྱི་འགན་ཁུར་བའི་པཱ་དབྱེ་ཡཱ་མངའ་སྡེའི་དམངས་སྲུང་སྡེ་ཁག་གི་འགན་ཁུར་བ་སོ་སཱ་ཡིས་བཤད་རྒྱུར། དོན་རྐྱེན་དེ་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། འདས་པོ་ལ་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི་ཉེར་གཉིས་དང་དངོས་སྐྱེལ་རླངས་འཁོར་སྟེང་གི་མི་གསུམ་འདུས་ཟེར།

པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ལམ་ཉེན་རྟོག་པས་བསྟན་དོན། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།