ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་བརྙན་འཕྲིན་ཁང་དུ་ཤོར་ཡོང་བའི་དྲག་ཆས་མི་སྣ་མང་བོ་འཛིན་བཟུང་བྱས།
2024.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་ཨེ་ཀྭ་ཏོར་ལྷོ་ནུབ་ཕྱོགས་ཀྱི་ཀྭ་ཡཱ་ཅི་ཨར་གྲོང་ཁྱེར་གྱི་བརྙན་འཕྲིན་ཁང་ཞིག་ནས། མེ་མདའ་བཟུང་ནས་བརྙན་འཕྲིན་ཁང་དེའི་ལས་བྱེད་མི་སྣ་བཙན་ཁྲིད་བྱེད་པའི་དྲག་ཆས་མི་སྣ་མང་བོ་འཛིན་བཟུང་བྱས།

ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། མིག་སྔར་དེར་འབྲེལ་གྱི་མི་སྣ་མང་བོ་འཛིན་བཟུང་བྱས་ཡོད་པ་དང་། བཙན་ཁྲིད་བྱས་པའི་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་བསྐྱབས་ཡོད་ཟེར།

ཉིན་དེའི་སྔ་དྲོར་གདོང་ཁེབས་གཡོགས་ཤིང་མེ་མདའ་བཟུང་བའི་མི་སྐོར་ཞིག་ཀྭ་ཡཱ་ཅི་ཨར་གྲོང་ཁྱེར་གྱི་བརྙན་འཕྲིན་ཁང་ཞིག་ཏུ་ཡོང་ནས་བརྙན་འཕྲིན་ཁང་དེའི་ལས་བྱེད་མི་སྣ་བཙན་ཁྲིད་བྱས། བརྙན་འཕྲིན་ཁང་གི་ཐད་གཏོང་ལེ་ཚན་ལས་མངོན་པ་ལྟར་ན། དྲག་ཆས་མི་སྣས་མེ་མདའ་བཟུང་སྟེ་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་བཙན་ཁྲིད་བྱས་པར་མ་ཟད་འཁྲབ་སྟོན་ཚོམས་ཁང་བདག་ཏུ་བཟུང་། དེའི་སྐབས་སུ་མེ་མདའི་སྒྲ་ཐེངས་མང་གྲགས་པ་རེད། ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་བསྟན་དོན། དམིགས་བསལ་དམག་དཔུང་བཀོད་སྒྲིག་བྱས་ནད་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱས་ཡོད་ཟེར།

དོན་རྐྱེན་བྱུང་རྗེས། ཨེ་ཀྭ་ཏོར་གྱི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་སྲིད་འཛིན་བཀའ་རྒྱ་བཀོད་དེ། རྒྱལ་ཁབ་དེ་རྒྱལ་ནང་གི་དྲག་ཆས་འཁྲུག་རྩོད་ཀྱི་རྣམ་པར་གནས་པ་ཁྱབ་བསྒྲགས་བྱས། ནོའུ་བོ་ཡཱ་ཡིས་ཨེ་ཀྭ་ཏོར་གྱི་དྲག་ཆས་དམག་དཔུང་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགྲོ་མིའི་ཐོབ་ཐང་བརྩི་སྲུང་བྱེད་པའི་ཆ་རྐྱེན་འོག་དམག་དོན་འགུལ་སྐྱོད་སྤེལ་ནས། རྒྱལ་ཡོངས་སུ་ཁྱབ་པའི་རྩ་འཛུགས་ཅན་གྱི་ནག་ཉེས་སྡེ་ཚོགས་ལ་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།