དབྱི་སི་རལ་གྱི་དམག་དཔུང་གིས་འགས་གཏོར་ལས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་བསད།
2024.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་དགུ་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་འགས་གཏོར་བཏང་ནས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་ཧི་སེ་ཡུན་བསད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧི་སེ་ཡུན་གྱིས་ཉིན་དེར་དབྱི་སི་རལ་གྱི་བྱང་ཕྱོགས་དམག་སྤྱི་ཁང་ལ་དམིགས་པའི་འཇབ་རྒོལ་ལ་བཀོད་འདོམ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་འཐབ་འཛིང་གནམ་གྲུ་མངག་ནས་འགས་གཏོར་བཏང་སྟེ་ཧི་སེ་ཡུན་བསད་པ་ཡིན་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་དབྱི་སི་རལ་དུ་མི་བསྡད་མེད་པའི་གནམ་གྲུ་གཏོང་རྩིས་ཡོད་པའི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མི་སྣ་མང་བོ་བསད་ཡོད་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས་དགུ་ཉིན་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་དབྱི་སི་རལ་གྱི་སེ་ཧྥེ་ཏི་རུ་ཡོད་པའི་དབྱི་སི་རལ་བྱང་ཕྱོགས་དམག་སྤྱི་ཁང་ལ་འཇབ་རྒོལ་བྱས། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་གློག་སྒྲོན་མཆོད་རྟེན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་ཅུའི་ཀྲུའུ་ཞི་གཞོན་པ་ཨ་ལུའུ་ལི་སོགས་པེ་རུ་ཐིའི་ལྷོ་འདབས་ནས་ལྐོག་གསོད་ཐེབས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།

ཧི་སེ་ཡུན་ནི་ཉེ་སྔོན་དབྱི་སི་རལ་གྱིས་ལྐོག་གསོད་བྱས་པའི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་གཉིས་པ་ཡིན་པ་རེད། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ཚི་ཡིས་ཚེས་བརྒྱད་ཉིན་དབྱི་སི་རལ་གྱི་འཕྲིན་ལམ་བཅུ་བཞི་བའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བདེན་དཔང་བྱས་དོན། དབྱི་སི་རལ་ཕྱོགས་ཀྱིས་ཚེས་བདུན་ཉིན་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་ཐཱ་ཝེ་ལེ་ལྐོག་གསོད་བྱས་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།