པུའུ་ལིན་ཁུན་གྱིས་ཨ་མེ་རི་ཁས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་མཐར་སྐྲོད་གཏོང་བའི་འཆར་གཞིར་ངོ་རྒོལ་བྱེད་པའི་ཚུལ་བསྟན།
2024.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་དགུ་ཉིན་ཐི་ལཱ་ཝེ་ཧྥུའུ་ནས་བཤད་རྒྱུར། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་གང་ནུས་ཀྱིས་ཕྱིར་རང་ཁྱིམ་ལ་ལོག་ཏུ་འཇུག་དགོས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁོ་ཚོ་ཅཱ་ཧྲ་མ་གཏོགས་པའི་ས་ཁུལ་གཞན་དུ་བཀོད་སྒྲིག་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

པུའུ་ལིན་ཁུན་ཚེས་བརྒྱད་ཉིན་དབྱི་སི་རལ་དུ་འབྱོར་བ་དང་། ཚེས་དགུ་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་། ཕྱི་འབྲེལ་བློན་ཆེན་ཁཱ་ཚི། རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་བཅས་དང་གྲོས་མོལ་བྱས། པུའུ་ལིན་ཁུན་གྱིས་ཚེས་དགུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་སྤེལ་བའི་འགུལ་སྐྱོད་དུས་རིམ་གསར་བར་བསླེབས་ནས་དྲག་ཚད་ཇེ་ཆུང་དུ་གྱུར་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱི་ཅཱ་ཧྲའི་འགུལ་སྐྱོད་ལས་ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ས་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ལ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།

པུའུ་ལིན་ཁུན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་ཁ་འབྲལ་མི་རུང་། ཨ་མེ་རི་ཁས་ཁོ་ཚོ་ཅཱ་ཧྲ་མ་གཏོགས་པའི་ས་ཁུལ་གཞན་དུ་བཀོད་སྒྲིག་བྱེད་པའི་འཆར་གཞིར་ངོ་རྒོལ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་བབ་ལ་དཔྱད་འཇོག་བྱས་ཏེ། མཇུག་མཐར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཡུལ་འཁྱམས་བྱེད་པའི་ཕཱ་ལེ་སི་ཐན་གྱི་མི་རྣམས་བདེ་འཇགས་ངང་རང་ཁྱིམ་དུ་སྐྱེལ་རྒྱུ་ཡིན་ཡང་། དམིགས་འབེན་དེ་མངོན་འགྱུར་བྱེད་པར་འགྲན་རྩོད་གང་མང་ལ་འཕྲད་སྲིད་ཟེར།

དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་དགུ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཅཱ་ལན་ཐི་ཡིས་པུའུ་ལིན་ཁུན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་འཐབ་འཁྲུག་ཐབས་ཇུས་ལ་འགྱུར་ལྡོག་བྱུང་ཡོད་ཀྱང་། ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། ཅཱ་ལན་ཐི་ཡིས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་གླེང་སྐབས་བཤད་རྒྱུར། ཁ་ཚ་དགོས་གཏུག་གི་དོན་ནི་དབྱི་སི་རལ་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་ཕྱིར་རང་ཁྱིམ་ལ་ལོག་ཏུ་འཇུག་རྒྱུ་དེ་ཡིན་ལ། དེའི་ཞོར་དུ་ས་ཁུལ་དེའི་བདེ་འཇགས་གནས་བབ་ལེགས་བསྒྱུར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།