མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་འཁྲུག་རྩོད་ལས་ཅཱ་ཧྲ་ས་ཁུལ་གྱི་མི་བརྒྱ་ཆའི་གྱ་ལྔ་ཡུལ་འཁྱམས་བྱེད་བཞིན་པའི་ཚུལ་བསྟན།
2024.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

རི་ནེ་ཝ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་གིས་ཚེས་དགུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ནས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཅཱ་ཧྲ་ས་ཁུལ་དུ་མི་ས་ཡ་གཅིག་དང་འབུམ་དགུ་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གྱ་ལྔ་ཟིན་ཡོད། དེའི་ཞོར་དུ་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་ཉམས་རྒུད་དུ་སོང་ཡོད་ཟེར།

ཉིན་དེར་དྲ་ཐོག་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་མགོ་འཛིན་བྱས་པའི་རི་ནེ་ཝ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དོན་གཅོད་ཁང་གི་ཀྲུའུ་རིན་ཀི་མེད་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་གཞི་གྲངས་ལྟར་ན། ཅཱ་ཧྲ་ས་ཁུལ་དུ་མི་ས་ཡ་གཅིག་དང་འབུམ་དགུ་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གྱ་ལྔ་ཟིན་ཡོད། གཞི་གྲངས་དེ་ནི་ཧ་ལས་པ་ཞིག་རེད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ས་ཁུལ་དུ་སྡོད་པའི་འཐུས་མི་ཕིས་ཕའེ་ཨར་ཁི་ཨིན་གྱིས་ཡེ་ལུའུ་སཱ་ལེམ་གྱི་སྙན་ཞུ་ལས་བཤད་རྒྱུར། ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་གཞི་གྲངས་གསར་བ་ལྟར་ན། ཅཱ་ཧྲ་ས་ཁུལ་དུ་མི་ཁྲི་གཉིས་དང་སྟོང་གསུམ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེས་ཅཱ་ཧྲ་ས་ཁུལ་གྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གཅིག་ཟིན་ཡོད། མི་ཁྲི་ལྔ་དང་སྟོང་དགུ་ཙམ་ལ་རྨས་ཕོག་ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་བདུན་ཟིན་ཡོད། ཅཱ་ཧྲ་ས་ཁུལ་ཧྲིལ་བོར་རོགས་སྐྱོར་དངོས་རྫས་བདེ་འཇགས་ངང་སྐྱེལ་བའི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་མེད་པའི་དབང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྱི་ཚུན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ཐེངས་དྲུག་སོང་ནས་སྨན་བཅོས་སྒྲིག་ཆས་འདོན་སྤྲོད་བྱེད་པའི་ལས་འགན་འཆར་གཞི་རྩིས་མེད་དུ་བཏང་།

འཛམ་གླིང་འཕྲོད་བསྟེན་བྲེལ་མྱུར་སྨན་བཅོས་རུ་ཁག་གི་མཐུན་སྦྱོར་བ་ཁའེ་ཞི་ཡིས་ཅཱ་ཧྲའི་སྙན་ཞུའི་ནང་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་མི་མང་བོ་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། ཅཱ་ཧྲ་ལྷོ་ཕྱོགས་ཀྱི་ལཱ་ཧྥ་རུ་ཡུལ་གྱར་བ་ས་ཡ་གཅིག་བསྡད་ཡོད། ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་ཉམས་རྒུད་དུ་སོང་ཡོད་ལ། དབུས་ཕྱོགས་ས་ཁུལ་གྱི་ཨ་ཁི་སཱ་སྨན་ཁང་དང་ལྷོ་ཕྱོགས་ཀྱི་ནཱ་སེར་སྨན་བཅོས་ལྟེ་གནས་སུ། བརྒྱ་ཆའི་བདུན་ཅུའི་ལས་བྱེད་མི་སྣ་རང་ཁྱིམ་དང་བྲལ་ནས་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།

ཁའེ་ཞི་ཡིས་བསྟན་དོན། ཁོས་ཅཱ་ཧྲ་ས་ཁུལ་དུ་འཚམས་འདྲི་བྱེད་སྐབས། འཁྲུག་རྩོད་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་ཅི་ཡང་མ་མཐོང་། ཅཱ་ཧྲ་ས་ཁུལ་དུ་བདེ་འཇགས་ཀྱི་གནས་ཤིག་མེད་ལ། ཅཱ་ཧྲ་ས་ཁུལ་གྱི་རྒུད་སྐྱོབ་ཟས་རིགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཚང་མའི་ལྟོགས་སྡུག་སེལ་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།