དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་ཡིས་ཚེས་དགུ་ཉིན་རྒྱལ་ས་པཱ་ཀི་ཏཱ་ནས་བསྟན་དོན། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ངེས་པར་དུ་གཏན་འཁེལ་བྱས་པའི་སྒྲོམ་གཞིའི་ནང་འབྲེལ་ཡོད་ཀྱི་འགུལ་སྐྱོད་སྤེལ་དགོས་ཟེར།
དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཞེ་ཏི་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ལོ་མན་ནོའུ་ཧྥུའུ་སི་ཅི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ངེས་པར་དུ་གཏན་འཁེལ་བྱས་པའི་སྒྲོམ་གཞིའི་ནང་འབྲེལ་ཡོད་འགུལ་སྐྱོད་སྤེལ་དགོས་པ་དང་། དབྱི་རག་གི་བདེ་འཇགས་དམག་དཔུང་ལ་སྦྱོང་བརྡར་དང་བློ་འདྲིའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
ལཱ་ཞེ་ཏི་ཡིས་བཤད་རྒྱུར། དབྱི་རག་གིས་ཉེ་འཁོར་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་དོ་མཉམ་གྱི་ཕྱོགས་གཉིས་འབྲེལ་བ་འཛུགས་འདོད་ཡོད་ལ། དེ་དབྱི་རག་དང་དབུས་ཤར་ས་ཁུལ་གྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པ་ཡིན་ཟེར། ཁོས་ད་རུང་བསྟན་དོན། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པས། ཨ་མེ་རི་ཁ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་ཁུར་དུ་བླངས་ནས། གྲོས་མོལ་ལ་བརྟེན་ནས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་ཟེར།
པཱ་ཀི་ཏཱའི་ཤར་ཕྱོགས་སུ་གནས་པའི་དབྱི་རག་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་སྟོང་ཤོག་བཅུ་གཉིས་པར་ཚེ་བཞི་ཉིན་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ལྔར་རྨས་ཕོག དབྱི་རག་དབང་འཛིནལས་ཁུངས་ཀྱིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་དགོས་ཟེར།
དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས་ལྔ་ཉིན་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་མུ་མཐུད་དུ་དབྱི་རག་ནས་སྡོད་པར་རྒྱུ་མཚན་མེད་པ་དང་། དབྱི་རག་སྲིད་གཞུང་གིས་གྲོས་གཞི་དེའི་ཐད་ནས་གྲོས་མོལ་སྤེལ་བའི་བྱེ་བྲག་གི་དུས་ཚོད་ལ་མཐུན་སྦྱོར་བྱེད་བཞིན་ཡོད་ལ། དབྱི་རག་སྲིད་གཞུང་གིས་རྒྱལ་སྤྱིའི་མནའ་འབྲེལ་དབྱི་རག་དང་འབྲལ་བར་སྐུལ་འདེད་གཏོང་བའི་ལངས་ཕྱོགས་བརྟན་པོ་ཡིན་པ་དང་། དམ་བཅའ་དེའི་ཐད་ནས་ཕྱིར་སྣུར་བྱེད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།