ཨར་པཱ་ནི་ཡཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན།
2024.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨར་པཱ་ནི་ཡཱའི་ཙུང་ཐུང་པེ་ཅཱ་དབྱེ་ཡིས་ཚེས་དགུ་ཉིན་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཨར་པཱ་ནི་ཡཱ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་དགོས་ཟེར།

པེ་ཅཱ་དབྱེ་ཡིས་ཉིན་དེར་ཨར་པཱ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཆེན་མོ་གསར་བ་ཕང་ཁྲོན་ཞོས་ཀྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཨར་པཱ་ནི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བ་གོ་སྐབས་སུ་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། དུས་རབས་གསར་བར་ཨར་པཱ་ནི་ཡཱ་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱེད་འདོད་ཡོད་ཟེར།

ཕང་ཁྲོན་ཞོས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨར་པཱ་ནི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་རིང་ལ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨར་པཱ་ནི་ཡཱ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།