དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། དབྱི་རག་མཁའ་དམག་གིས་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་སྐབས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་རག་མཁའ་དམག་གིས་འཐབ་འཛིང་གནམ་གྲུ་མངག་ནས་ཅི་ཨར་ཁུའུ་ཁི་ཞིང་ཆེན་དུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་གསུམ་བསད། དེའི་རྗེས་སུ་སྤེལ་བའི་སྔོག་བཤེར་འགུལ་སྐྱོད་ཁྲོད། བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་དག་གིས་བརྐོས་པའི་ས་འོག་ཕུག་ལམ་དང་ས་འོག་སྦས་སྐོང་བྱེད་ས་རྙེས་པ་དང་། དེ་ལས་ལག་འབོམ་དང་མཚན་མོའི་ལྟ་རྟོག་བརྙན་རིས་ཡོ་བྱད་དང་མཁོ་སྒྲུབ་དངོས་རྫས། དེ་མིན་ཡིག་ཆ་གལ་ཆེན་རེ་འགའ་བཅས་གཞུང་བཞེས་བྱས་ཡོད་ཟེར།

དབྱི་རག་དམག་ཕྱོགས་ཀྱིས་ཐེངས་འདིའི་བར་སྣང་འཇབ་རྒོལ་སྤེལ་བའི་བྱེ་བྲག་གི་དུས་ཚོད་བསྒྲགས་མེད།

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བར་རྒྱལ་ཁ་བླངས་ཡོད་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་དེ་གཙོ་བོ་དབྱི་རག་གི་མཐའ་འཁོབ་ཞིང་སྡེ་ས་ཁུལ་དུ་འགྲོ་འདུག་བྱེད་བཞིན་ཡོད་ལ། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།