ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་བཅས་ཀྱིས་ཚེས་བཅུ་ཉིན་ཅོར་ཏན་ལྷོ་ཕྱོགས་ཀྱི་ཡཱ་ཁཱ་པཱ་གྲོང་ཁྱེར་ནས་ཕྱོགས་གསུམ་གྱི་མགོ་གཙོའི་གྲོས་ཚོགས་བསྡུས་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ངེས་པར་དུ་བསྟུད་མར་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱེད་པར་བཀག་འགོག་དང་ཉེས་མེད་མང་ཚོགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་གཏོང་བའི་འཆར་གཞིར་ངོ་རྒོལ་བྱེད་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་ཁ་བྲལ་དུ་གཏོང་བའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཡང་བསྐྱར་ཅཱ་ཧྲ་ས་ཁུལ་བཙན་བཟུང་བྱེད་པའམ་ཅཱ་ཧྲ་ས་ཁུལ་ནས་བདེ་འཇགས་ས་ཁུལ་འཛུགས་རྩིས་བྱེད་མི་རུང་བའི་ཉེན་བརྡ་བཏང་བ་དང་། ཅཱ་ཧྲའི་མི་དམངས་ངེས་པར་དུ་རང་ཁྱིམ་ལ་ལོག་དགོས་པ་ནན་བཤད་བྱས།
རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ནས། ས་ཁུལ་དེའི་གནོད་འཚེ་རང་བཞིན་གྱི་མི་ཆོས་རིང་ལུགས་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་བསྟན་དོན། མུ་མཐུད་དུ་ཨ་རབ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་པ་སོ་སོ་དག་དང་མཉམ་དུ་འབད་བརྩོན་བྱས་ནས། ཕཱ་ལེ་སི་ཐན་གྱི་གནད་དོན་ལ་ཆབ་སྲིད་ཀྱི་མདུན་ལྗོངས་ཤིག་འཚོལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་དགོས་ལ། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཚང་མ་སླར་གསོ་བྱས་ནས། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པའི་བདག་དབང་ཅན་དང་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་ཁག་ཐེག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།