ཨ་པཱ་སི་ཡིས་ཅཱ་ཧྲའི་སྡོད་དམངས་མཐར་སྐྲོད་གཏོང་བའི་འཆར་གཞི་དེ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་མཐར་སྐྲོད་གཏོང་བའི་འཆར་གཞི་དེ་གཏན་ནས་ཁས་ལེན་མི་སྲིད་ཟེར།

ཨ་པཱ་སི་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་ནི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཁ་བྲལ་དུ་གཏོང་བའི་འཆར་གཞི་གང་ཡིན་རུང་དང་ལེན་བྱེད་ཐབས་མེད་ཟེར།

ཨ་པཱ་སི་ཡིས་བལྟས་ན་མྱུར་མོར་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་སྤེལ་བའི་ཚར་གཅོད་འཐབ་འཁྲུག་མཚམས་བཞག་ནས། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། འགེབས་སྲུང་ལྟེ་གནས་དང་སྨན་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ་མི་དམངས་ཀྱི་དཀའ་སྡུག་ཇེ་ཡང་ལ་གཏོང་དགོས་ཟེར། ཁོས་ད་རུང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་ལག་བསྟར་བྱས་ཏེ། ཕཱ་ལེ་སི་ཐན་དེ་སྔ་མོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།

པུའུ་ལིན་ཁུན་གྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཞི་བདེ་མཉམ་གནས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།