ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཚོ་དམར་ནས་ཨ་མེ་རི་ཁའི་གྲུ་གཟིངས་ལ་འཇབ་རྒོལ་བྱས།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའ་མང་བོ་བཀོལ་ནས་མཚོ་དམར་མཚོ་ཁོངས་སུ་བགྲོད་པའི་ཨ་མེ་རི་ཁའི་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་གྲུ་གཟིངས་དེས་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་བཞིན་ཡོད་བཞིན་ཡོད་པ་དང་། ཧུའུ་སེ་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་སྤེལ་བ་ནི་ཨ་མེ་རི་ཁའི་དམག་དཔུང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་འཇབ་རྒོལ་བྱས་ནས་རྒྱ་མཚོར་ནུབ་ཏུ་བཅུག་པའི་ཧུའུ་སེ་དྲག་ཆས་པའི་མྱུར་བགྲོད་གྲུ་གཟིངས་ལས་མི་བཅུ་རྐྱེན་ལམ་དུ་ཤོར་བར་འཁོན་ལན་སློག་པ་ཙམ་ཡིན་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་དགུ་ཉིན་མི་བསྡད་མེད་པའི་གནམ་གྲུ་བཅོ་བརྒྱད་དང་གྲུ་གཟིངས་ལ་རྒོལ་བའི་སྐོར་འདེད་འཕུར་མདའ་གཉིས། གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་གཅིག་བཅས་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཡེ་མིན་མངའ་ཁོངས་ནས་མཚོ་དམར་མཚོ་ཁོངས་སུ་གཏོང་འཕེན་བྱས་པ་དང་། སྐབས་ཐོག་དེར་ཚོང་དོན་གྲུ་གཟིངས་བཅུ་ཕྲག་འགའ་མཚོ་ཁོངས་དེར་བགྲོད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇིའི་དམག་དོན་གྲུ་གཟིངས་དང་འཐབ་འཛིང་གནམ་གྲུས་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའ་ཚང་མ་བཀག་པ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།